རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐྱེ་རྒུ་མདོར་བསྐྱོད།

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་འཚམས་འདྲིར་བསྐྱོད་འདུག

༄༅༎དེ་རིང་རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ཐོག་ལ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་དེ་རིང་བོད་ཁམས་སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་འཚམས་འདྲིར་བསྐྱོད་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

ཤིང་ཧྰ་གསར་ཤོག་ཐོག་མུ་མཐུད་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་སྐྱེ་རྒུ་མདོར་ས་ཡོམ་འགུལ་ཚད་༧དང་ཚགས་༡ རྒྱབ་སྟེ་མི་གྲངས་ཉུང་མཐར་ཉིས་སྟོང་ཉིས་བརྒྱ་རྐྱེན་ལམ་དུ་ཕྱིན་པའི་རྗེས། ཕྱི་ཟླ་བཞི་པའི་ཚེས་༢༠ཉིན་རྒྱལ་ས་པེ་ཅིང་ནང་དུ་ཡོད་པའི་ཤི་ཧུའང་དགོན་པར་པན་ཆེན་རྒྱལ་མཚན་ནོར་བུས་དབུ་ཁྲིད་པའི་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ནང་རྐྱེན་འདས་སུ་ཕྱིན་པ་ཚོའི་ཆེད་དུ་སྨོན་ལམ་ཚོགས་ཡོད་པ་དང༌། ད་རེས་དངོས་སུ་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་དུ་ཕེབས་པའི་སྐོར་དང༌། རྒྱལ་མཚན་ནོར་བུ་ནི་ཕྱི་ལོ་༡༩༩༠ལོའི་ཕྱི་ཟླ་གཉིས་པའི་ནང་བོད་ཀྱི་ནག་ཆུ་ས་ཁུལ་གྱི་ལྷ་རི་ཤན་དུ་སྐྱེས་ཤིང༌། རྒྱ་ནག་དབུས་གཞུང་གིས་ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་༡༡པའི་ནང་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོའི་སྤྱན་སྔར་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་འོས་མི་གསུམ་ནང་ནས་ངོས་འཛིན་བྱས་ཚུལ་དང༌། འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་༣ཉིན་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྐོ་བཞག་བྱས་པ་མ་ཟད། ཕྱི་ཟླ་གཉིས་པའི་ཚེས་༢༨ཉིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་སུ་འདེམས་ཐོན་བྱས་ཏེ། ཁོང་གིས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་ངོ་བོའི་ཐོག་ནས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ནང་ཐེངས་དང་པོ་ཞུགས་ཐུབ་པ་བྱུང་བ་དེ་ཡིས་གོ་སྐབས་བཟང་པོ་ཐོབ་པ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་དང༌། ད་དུང་རྒྱ་ནག་གོང་བུ་གཅིག་འགྱུར་ལ་ནུས་པ་འདོན་སྤེལ་བྱེད་ཚུལ་། ཆོས་ལུགས་ཀྱི་ཐོག་ནས་དད་པ་ཞུ་མཁན་མང་པོ་ཡོད་ཚུལ་སོགས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་གལ་ཆེའི་བླ་ཆེན་ཞིག་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org