ལྕམ་པེ་ལོ་སི་ཡིས་བོད་ཀྱི་གསུམ་བཅུའི་དུས་དྲན་ཆེད་གསུང་འཕྲིན།
བོད་རིགས་མི་མང་དང་༧གོང་ས་ཏྭ་ལའི་བླ་མ་མཆོག་གཉིས་དབར་གྱི་འབྲེལ་བ་འདི་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་གསུང་འཕྲིན་ནང་སྤེལ་བ།
-
2011-03-11 -
-
-
༄༅༎ཨ་རིའི་གྲོས་ཚོགས་ཀྱི་སྐུ་དབང་ཆེ་བའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་སྤེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ཡོངས་ཁྱབ་གསུང་འཕྲིན་ཞིག་ནང་ བོད་རང་དབང་གི་ཆེད་འཐབ་རྩོད་ཀྱིས་སྲོག་ཤོར་བའི་བོད་མི་དཔའ་བོ་དང་དཔའ་མོ་རྣམས་པར་གུས་བཀུར་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད་
དེ་ཡང་ཁོང་གི་གསུང་འཕྲིན་འདིའི་ནང་ བོད་རིགས་མི་མང་དང་༧གོང་ས་ཏྭ་ལའི་བླ་མ་མཆོག་གཉིས་དབར་གྱི་འབྲེལ་བ་འདི་བྲལ་ཐབས་མེད་པ་ཞིག་ཡིན་པ་ལྟར་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་ཀྱི་ལས་དོན་ལ་བཏང་འཛིན་གྱིས་བོད་མི་དང་༧གོང་ས་མཆོག་གཉིས་དབར་འགལ་ཟླ་བཟོ་ཐབས་ལ་ འཇུག་པ་ཡིན་ན་དེས་རྒྱ་ནག་གཞུང་རང་ཉིད་ལ་དཀའ་ངལ་བཟོ་ཡི་རེད་ཅེས་གསུངས་ཡོད་པ་རེད་
ཁོང་གིས་བོད་ནང་བོད་རིགས་མང་ཚོགས་ལ་རྒྱ་ནག་གཞུང་གི་དཔལ་འབྱོར་སྲིད་བྱུས་དང་ གཞན་ཡང་བོད་མིའི་ཆོས་དད་དང་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བཏང་འཛིན་གྱིས་མཐའ་ན་བོད་མི་ཚོར་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་དཔར་ཉར་འཇོག་ལ་བཙོན་བཅུག་བྱས་པ་སོགས་ཀྱིས་གདུག་རྩུབ་མྱོང་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད་
དེ་ཡང་ཁོང་གིས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་དེའི་ཉིན་ ང་ཚོས་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་བཞིན་བོད་མི་མང་གི་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ལ་དཔུང་པ་མཉམ་གཤིབ་ཀྱིས་རོགས་འདེགས་བྱ་དགོས་པ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད་
ལྕམ་ནེན་སི་སྤེ་ལོ་སི་མཆོག་ནི་ ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་དབུ་ཁྲིད་དེ་ཡིན་པ་དང་ ཁོང་ནི་རྒྱུན་དུ་ནས་བོད་དོན་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད་