༸གོང་ས་མཆོག་གི་ཨི་ཊ་ལིའི་མཛད་འཆར་སྐོར།
༸གོང་ས་མཆོག་ཨི་ཊ་ལིའི་ནང་ཚོགས་རྒྱུའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལྔ་པའི་ཚོགས་མགོན་དུ་ཆིབས་བསྒྱུར།
-
2009-11-17 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ནང་ཚོགས་རྒྱུའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལྔ་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གནས་ཚུལ་ཐོན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བཅུ་དྲུག་ཉིན་ཨི་ཊ་ལིའི་ལྷོ་ཕྱོགས་ཊིརོལ་ནང་ཞབས་སོར་འཁོད་སྐབས་ས་གནས་ཀྱི་དབུ་ཁྲིད་ལུའིསེ་དྲུན་ལྦལ་ཌར་གྱིས་གནམ་ཐང་དུ་ཕེབས་བསུར་བཅར་གནང་ཡོད་པ་དང་མགྲོན་ཁང་དུ་ཕེབས་སྐབས་ས་གནས་ཀྱི་ཡུལ་མི་དང་བོད་མི་ཚོས་ཕེབས་བསུ་གནང་འདུག
ལྷོ་ཊིརོལ་གྱི་སྲིད་འཛིན་དྲུན་ལྦལ་ཌར་གཙོས་པའི་ས་གནས་གཞུང་གི་མཛད་གཙོ་ཆ་ཚང་༸གོང་ས་མཆོག་མཇལ་འཕྲད་དང་ཉིན་དགུང་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་ཡིན་འདུག ལྷོ་ཊིརོལ་ནི་བྱང་ཨི་ཊ་ལིའི་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཞིག་ཡིན་པ་དང་ལོ་མང་གོང་ནས་བོད་ཀྱི་རྩ་དོན་ལ་ཐུགས་སྣང་ཆེན་པོ་གནང་མུས་ཡིན་པ་རེད། ༸གོང་ས་མཆོག་འདི་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་རཱོམ་ལ་ཕེབས་ཐོན་གྱིས་འཛམ་གླིང་གྲོས་ཚོགས་ཀྱི་བོད་དོན་ཚོགས་ཆེན་ལྔ་པའི་ཚོགས་མགོན་དུ་ཞབས་སོར་འཁོད་དེ་གསུངས་བཤད་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཉིན་གཉིས་ཀྱི་ཚོགས་ཆེན་འདི་བཞིན་ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ནང་འཚོགས་རྒྱུ་ཡིན་པ་ལྟར་གྲོས་ཚོགས་འོག་མའི་གཙོ་འཛིན་གིའན་ཕེརྗེ་ཀོ་ཕི་ཎི་ཡིས་ཕེབས་བསུ་དང་སྣེ་ལེན་གནང་གི་འདུག ༸གོང་ས་མཆོག་འདི་ལོ་ཕྱི་ཟླ་གཉིས་པའི་རཱོམ་དུ་ཆིབས་བསྒྱུར་སྐབས་གྲོང་ཁྱེར་གྱི་ཆབ་འབངས་ཀྱི་མཚན་གནས་ཀྱང་ཕུལ་ཡོད་པ་རེད་ འདི་ཚེས་བཅུ་དགུ་ཉིན་༸གོང་ས་མཆོག་རྒྱ་གར་ལ་ཕྱིར་ཕེབས་གནང་གཏན་འཁེལ་ཡོད་འདུག།