༧གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཆར།
༧གོང་ས་མཆོག་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ལོསི་ཨེན་ཇེ་ལིསི་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
-
2011-05-03 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཟླ་ ༥ ཚེས་ ༢ ཉིན་ ཉེ་ཧོང་ནས་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ལོསི་ཨེན་ཇེ་ལིསི་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
ཕྱི་ཚེས་ ༣ གཟའ་ལྷག་པའི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་མཐུན་འབྲེལ་སློབ་མའི་ལྷན་ཚོགས་ནས་ཇི་ལྟར་གོ་སྒྲིག་གསོལ་འདེབས་ཞུས་པ་ལྟར་ འཇིག་རྟེན་ཡ་རབས་སྤྱོད་བཟང་ དང་འགྲོ་བ་མིའི་རིན་ཐང་ སྤྱི་ཚོགས་བཅས་ཀྱི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
དེ་བཞིན་ཡང་ ཕྱི་ཟླ་ ༥ ཚེས་ ༣ གྱི་མཛད་འཆར་གྱི་ཁོངས་སུ་ ལྷོ་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་འདྲ་མིན་གྱི་སློབ་མའི་ལྷན་ཚོགས་ཀྱིས་གོ་བསྒྲིགས་ཞུས་པའི་ ཡ་རབས་སྤྱོད་བཟང་དང་ དེའི་འབྱུང་ཁུངས་ ངོ་བོ་ བྱེད་ལས་བཅས་ཀྱི་བརྗོད་གཞིའི་ཐོག་གི་མང་ཚོགས་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཡང་ཡོད་འདུག།
ཕྱི་ཟླ་ ༥ ཚེས་ ༢ ནས་དབུ་འཛུགས་གནང་པའི་ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་མི་རི་ཀའི་ཆིབས་བསྒྱུར་མཛད་འཆར་གྱི་ཁོངས་སུ་ ཀ་ལི་ཕོར་ནི་ཡའི་མཐོ་རིམ་གཙུག་ལག་སློབ་གྲྭ་མི་འདྲ་བ་འགའ་ཤས་སུ་བཀའ་སློབ་གསུང་བཤད་དང་ དེ་རྗེས་མི་ནེ་སོ་ཊར་ཆིབས་བསྒྱུར་ དེའི་རྗེས་ཨར་ཀན་སསི་དང་ ཊེཀ་སིསི་ ནིའུ་ཇེར་སི་སོགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།