༸གོང་ས་མཆོག་ནས་ཨ་རིའི་ནང་གསུང་ཆོས་དབུ་ཚུགས་གནང་བ།

༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་པེན་སིལ་ལྦེ་ནི་ཡའི་ནང་ཡོད་པའི་ལི་ཧཡི་སློབ་གྲྭ་ཆེན་མོའི་ནང་གསུང་ཆོས་དབུ་ཚུགས་གནང་ཡོད་པ་རེད།

༄༅༎བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་པེན་སིལ་ལྦེ་ནི་ཡའི་ནང་ཡོད་པའི་ལི་ཧཡི་སློབ་གྲྭ་ཆེན་མོའི་ནང་གསུང་ཆོས་དབུ་ཚུགས་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཕུར་བུའི་ཉིན་ཨ་རིའི་པེན་སིལ་ལྦེ་ནི་ཡ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་ནས་བཞུགས་བཞག་ཉིན་དྲུག་རིང་མངའ་ཁུལ་དེའི་ནང་གསུང་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་འཆར་བསྐྱངས་རྒྱུ་ཡིན་ཞིང༌། གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་ནས་ཁུལ་དེའི་ནང་ཡོད་པའི་ལི་ཧཡི་མཐོ་སློབ་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་ ཆོས་ཞུ་བ་དང་སློབ་ཕྲུག་སྟོང་ཕྲག་མང་པོས་གསུང་ཆོས་གསན་པར་ཕེབས་ཡོད་པའི་ཁར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་དེའི་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་སློབ་གྲྭའི་དབུ་འཛིན་ཨེ་ལིསི་དབུས་པའི་སློབ་གྲྭའི་དགེ་སློབ་ཚོས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་ཅིང༌། ༸གོང་ས་མཆོག་ནས་ཚེས་༡༠ནས་བཟུང་ཉིན་གྲངས་ལྔའི་རིང་རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་བཀའ་འཁྲིད་གནང་བཞིན་ཡིན་པ་རེད། ༸གོང་ས་མཆོག་ནས་ཆོས་ཞུ་བ་ཚོར་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་བརྩི་བཀུར་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་གསུང་ཆོས་འགོ་འཛུགས་མ་གནང་གོང་དབྱིན་སྐད་ནང་བཀའ་སློབ་བསྩལ་ཡོད་པ་རེད་ ཚེས་༡༣ཉིན་སློབ་གྲྭ་ཆེན་མོ་དེའི་ཚོགས་ཁང་ནང་སེམས་པ་བཟང་པོ་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་འཆར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org