༸གོང་ས་མཆོག་རྟ་དབང་ཁུལ་ཞབས་སོར་འཁོད་པ།

༸གོང་ས་མཆོག་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཞབས་སོར་འཁོད་དེ་གཟའ་འཁོར་གཅིག་རིང་གི་མཛད་འཆར་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་བར་ལ་ས་ཆེའི་བདག་དབང་གི་རྩོད་གཞི་ཡོད་པའི་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ངོ་རྒོལ་ཇི་ཙམ་བྱས་ཀྱང་དེ་རིང་༸གོང་ས་མཆོག་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཞབས་སོར་འཁོད་དེ་གཟའ་འཁོར་གཅིག་རིང་གི་མཛད་འཆར་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རྟ་དབང་ཁུལ་དུ་ཐད་འཕུར་གནམ་གྲུའི་ཐོག་ཆིབས་བསྒྱུར་བསྐྱང་ཏེ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་ཕེབས་ལམ་དུ་དགེ་འདུན་པ་དབུས་པའི་བོད་མི་དང་ས་གནས་མི་དམངས་དད་ལྡན་པ་སྟོང་ཕྲག་མང་པོས་ལག་ཏུ་དུག་སྤོས་དང་མཇལ་དར་བསྣམས་ཏེ་དགའ་གུས་ཆེན་པོའི་ཕེབས་བསུ་ཞུས་ཡོད་ཅིང་ད་དུང་ཡང་རྒྱ་གར་གྱི་ས་གནས་ཁག་ནས་རྟ་དབང་ཁུལ་དུ་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་མི་དམངས་རིམ་བཞིན་འདུ་འཛོམས་བྱེད་བཞིན་ཡོད་པ་རེད།

དེ་རིང་འདིར་ཕེབས་བསུར་བཅར་བའི་བོད་མི་ཞིག་གིས་༸གོང་ས་མཆོག་ནི་ང་ཚོའི་སེམས་ནང་དད་གུས་ཞུ་ཡུལ་གྱི་སྐྱབས་མགོན་ཡིན་པ་དང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ས་གནས་འདིར་ཆིབས་བསྒྱུར་བསྐྱང་རྒྱུར་ངོས་ལེན་བྱེད་དང་མི་བྱེད་གལ་འགངས་ཆེན་པོ་མ་ཡིིན་ཞིང་རྒྱ་ནག་གཞུ་ངགིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་སེམས་ནང་དུ་གནས་པ་དེ་རྩ་མེད་བཟོ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད། ༸གོང་ས་མཆོག་ད་རེས་བོད་དང་ས་མཚམས་ས་ཁུལ་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་བ་དེ་ནི་ཐེངས་དང་པོ་མ་ཡིན་པར་དེ་སྔ་ཕྱི་ལོ་༡༩༥༩ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་རྟ་དབང་བརྒྱུད་དེ་ཆིབས་བསྒྱུར་གནང་བ་དང་དེ་རྗེས་ཕྱི་ལོ་༡༩༩༦དང་༡༩༩༧ ༢༠༠༣ལོ་སོ་སོར་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་སྐོར་གྱི་གནས་ཚུལ་ཐོན་པ་ནས་བཟུང་ཉེ་བའི་ཟླ་བ་དེ་དག་ནང་དུ་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་བར་གྱི་གནས་སྟངས་ཀྱང་ཇེ་སྡུག་ཏུ་ཕྱིན་ཏེ་དེ་སྔ་༡༩༦༢ལོར་ཡུལ་གྲུ་གཉིས་བར་ལ་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཐོག་ནས་དམག་འཐབ་བྱེད་མྱོང་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་ད་རེས་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་རྒྱ་ནག་ཁ་བྲལ་གྱི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་ཡོད་ལུགས་སྐྱོན་བརྗོད་བྱས་པ་མ་ཟད་དམིགས་བསལ་རྒྱ་གར་གཞུང་ལའང་གནོན་ཤུགས་སྤྲོད་ཐབས་བྱས་ཀྱང་རྒྱ་གར་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་ནི་དད་གུས་ཞུ་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ཡིན་པ་དང་རྒྱ་གར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཡིན་སྟབས་རྒྱ་གར་གྱི་ས་ཆ་གང་དུ་ཆིབས་བསྒྱུར་བསྐྱང་རྒྱུར་རང་དབང་རེད་ཅེས་ལངས་ཕྱོགས་གསལ་པོ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org