༸གོང་ས་མཆོག་གིས་དགུང་གྲངས་༡༡༣བར་འཚོ་ཞུགས་ཀྱི་ཞལ་བཞེས།

༧གོང་ས་མཆོག་དགུང་གྲངས་༡༡༣བར་འཚོ་བཞུགས་དང་རང་དབང་ཅན་གྱི་བོད་བསྐྱར་དུ་གཟིགས་རྒྱུའི་ཞལ་བཞེས་བསྐྱར་དུ་གནང་ཡོད་འདུག

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༡༡༣བར་འཚོ་བཞུགས་རྒྱུ་དང་དེའི་རིང་རྒྱ་ནག་ལ་གཟིགས་སྐོར་གནང་རྒྱུ། དེ་བཞིན་རང་དབང་ཅན་གྱི་བོད་བསྐྱར་དུ་གཟིགས་རྒྱུའི་ཞལ་བཞེས་བསྐྱར་དུ་གནང་ཡོད་པའི་གནས་ཚུལ་ཐོན་འདུག༎

འདི་ཚེས་༡༥ཉིན་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ལེནྜི་དང་རྒྱ་ནག་ ལྷོ་ཀོ་རི་ཡ་ ལྦིཏ་ནམ་ ཀམྦོ་ཌི་ཡ་དང་ འབར་མ་བཅས་་ནས་དད་ལྡན་ཆོས་ཞུ་བར་ཚོར་སྔ་དྲོའི་གསུངས་ཆོས་གནང་བའི་རྗེས་སུ་ རྡ་ནེ་ཤི་ནལ་གུ་རུཕ་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་སུ་ཐི་ཆའི་ཡུའུན་ལ་གཟིམ་ཆུང་ནང་དམིགས་བསལ་ཆུ་ཚོད་གཅིག་རིང་བཅའ་འདྲི་ཞུ་རྒྱུའི་གོ་སྐབས་བསྩལ་བའི་སྐབས་ ༧གོང་ས་མཆོག་དགུང་གྲངས་༡༡༣བར་སྐུ་འཚོ་བཞུགས་གནང་རྒྱུ་མ་ཟད་ ནམ་ཞིག་རྒྱ་ནག་ལ་གཟིགས་སྐོར་ཕེབས་རྒྱུ་དང་རང་དབང་ཅན་གྱི་བོད་ཀྱང་གཟིགས་རྒྱུའི་ཞལ་བཞེས་གནང་ཡོད་པ་ལུང་འདྲེན་བྱས་འདུག ཡང་༧གོང་ས་མཆོག་གིས་སྐུ་ཚེ་ཡུན་རིང་བཞུགས་ཚེ་སྐུའི་ཡང་སྲིད་ཀྱང་ངོས་འཛིན་གནང་རྒྱུ་དང་ ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཕྱི་བཤོལ་གནང་རྒྱུའི་སྐོར་ཀྱང་གསུངས་གནང་འདུག གོང་ཞུས་གསར་ཤོག་གི་གནས་ཚུལ་སྤེལ་བར་གཞིགས་ན་ ༧གོང་ས་མཆོག་གིས་འདི་ལོའི་ལོ་མཇུག་ཏུ་ཆབ་སྲིད་ཀྱི་སྐུ་དབང་ཕྱི་བཤོལ་གནང་རྩིས་ཡོད་པ་ལྟར་བཙན་བྱོལ་བོད་མི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་ལ་དགོངས་བཞེས་གནང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་གནང་འདུག ཡང་༧གོང་ས་མཆོག་གིས་གལ་སྲིད་བཀའ་ཤག་གིས་མོས་མཐུན་མ་གནང་ཚེ་ ༧གོང་ས་མཆོག་གིས་དགོངས་གཞིའི་གནད་འགག་ཇི་ཡིན་ཡོད་གསལ་བཤད་ཡིད་ཆེས་འཕེར་བ་ཞིག་གནང་རྩིས་ཡོད་ལུགས་གསུངས་གནང་ཡོད་པ་དང་ དེའི་ཆེད་དུ་སྒྲིག་སྲོལ་ཁག་ཅིག་ལ་འགྱུར་བ་གཏོང་དགོས་སྐོར་སོགས་གསུངས་གནང་ཡོད་འདུག རྒྱ་ནག་གིས་བོད་ཐོག་མཁྲེགས་བཟུང་བྱེད་བཞིན་པའི་སྐོར་༧གོང་ས་མཆོག་གིས་ ངས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་མ་གཏོགས་རྩོད་ཀྱི་མེད་པ་ཡོངས་གྲགས་ཡིན་པ་དང་ལངས་ཕྱོགས་དེར་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཆེན་པོ་ཡོད་སྐོར་གསུངས་བ་དང་སྦྲགས་ རྒྱ་ནག་གི་དབུ་ཁྲིད་ཚོས་ ང་ལ་ཁ་བྲལ་རིང་ལུགས་པ་ཡིན་ལུགས་སྐྱོན་བརྗོད་བྱེད་བཞིན་པ་དེ་ནི་གོད་བྲོའི་རང་བཞིན་རེད། ལྟ་བ་མཁྲེགས་འཛིན་ཅན་གྱི་རྒྱ་ནག་དབུ་འགོ་ཁྲིད་ཚོར་ང་སྙིང་རྗེ་ཡི་འདུག ཁོང་ཚོས་སོ་སོའི་མ་འོངས་པའི་འདུན་ལམ་འཕྲོ་བརླག་གཏོང་གི་ཡོད་རེད་ཅེས་གསུངས་གནང་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org