༸གོང་ས་མཆོག་ནས་བྱམས་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ
༸གོང་ས་མཆོག་ནས་རྒྱ་གར་གྱི་འཛིན་སྐྱོང་སློབ་གཉེར་ཁང་ཞིག་གི་སློབ་ཕྲུག་ཚོར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བཀྲིན་སྩལ་བ།
-
2009-06-11 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་དྲུག་པའི་ཚེས་བཅུ་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཨེམ་རྡ་སྦ་རྡེའི་འཛིན་སྐྱོང་སློབ་གཉེར་ཁང་གི་ཐེངས་འདིའི་སློབ་གྲྭ་ཐོན་པའི་སློབ་ཕྲུག་ཚོར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བཀྲིན་སྩལ་གནང་ཡོད་པའི་གནས་ཚུལ་ཐོན་བཞག
ཨའེ་ཨའེ་ཨེམ་སློབ་གྲྭའི་སྤྱི་ཁྱབ་སྐུ་ཞབས་ཇུན་ཇུན་ལྦ་ལ་གྱིས་དགའ་བསུའི་གསུང་བཤད་སྐབས་སློབ་ཕྲུག་ཚོའི་སར་གསུང་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བ་ཙམ་དུ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་བསླབ་སྤེལ་གནང་མཁན་ཞིག་འདི་གར་ཞབས་སོར་བཀྲིན་འཁོད་པ་དང་གསུང་ཐོས་པའི་སྐལ་བཟང་གི་གོ་སྐབས་བཟང་འདི་འདྲ་དུས་རབ་བརྒྱ་ཕྲག་གཅིག་འདིའི་ནང་མ་གཏོགས་ཡོང་དཀའ་བ་ཞིག་ཡིན་ལུགས་དང་བོད་ནང་རྒྱ་ནག་གིས་དབང་འཛུལ་བྱས་ཏེ་གནས་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་དེ་གའི་སློབ་ཕྲུག་གཞོན་སྐྱེས་ཚོར་བཀའ་གནང་ཡོད་པར་༸གོང་ས་མཆོག་ལ་དམིགས་བསལ་གྱི་འཛུ་འཕྲུལ་བལྟན་རྒྱུའི་ནུས་མཐུ་གང་ཡང་མེད་རུང་གཅེན་གཅུང་གི་འདུ་ཤེས་འཛིན་པའི་ཐོག་ནས་ཁྱེད་ཚོར་བསླབ་བྱ་ཞུ་གྱུར་རང་ཉིད་མི་གཞུང་དྲང་པོ་དང་བདེན་པའི་ཐོག་ནས་འཛམ་གླིང་གི་ནང་འཚེ་མེད་ཞི་བདེ་དང་ཆོས་ལུགས་ཕན་ཚུན་ཞི་མཐུན་མཉམ་གནས་བྱ་རྒྱུ་སོགས་ཀྱི་ཆེད་དུ་གཞོན་སྐྱེས་ཚོས་དེ་བས་ནུས་པ་འདོན་སྤེལ་བྱེད་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བཀའ་གནང་ཡོད་པ་རེད། འཛམ་གླིང་གི་ནང་གཅིག་གིས་གཅིག་ལ་ཡིད་ཆེས་དང་བདེན་པ་བདེན་ཐུབ་ཀྱི་ལས་ཀ་བྱེད་རྒྱུ་དེ་གལ་གནད་ཤིན་ཏུ་ཆེན་པོ་ཡིན་པ་དེང་སང་རྒྱ་ནག་གཞུང་གི་སྲིད་བྱུས་ལྟ་བུ་དྲང་བདེན་ལ་བཀག་འགོག་བྱེད་པ་དེ་རིགས་མི་ཡོང་བ་བྱ་དགོས་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་མུ་མཐུད་དེ་བཀའ་གནང་ཡོད་པར་༸གོང་ས་མཆོག་གིས་འཕགས་ཡུལ་རྒྱ་གར་ནང་བྱུང་བའི་ནང་པ་སངས་རྒྱས་པའི་སྟོན་པ་ཤཀྱ་ཐུབ་པའི་ཆོས་འདི་འཚེ་མེད་ཞི་བ་དང་བྱམས་དང་སྙིང་རྗེའི་ཐོག་ནས་སྒྲུབ་རྒྱུར་སྐུལ་སྤེལ་ཞུ་མཁན་ཞིག་ཡིན་ཞེས་བཀའ་གནང་ཡོད་པའི་གནས་ཚུལ་འཁོད་བཞག