༸གོང་ས་མཆོག་གི་མཛད་འཆར་ལེགས་པར་གྲུབ་པ།

༸གོང་ས་མཆོག་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་དེ་འདས་པའི་ཉིན་དྲུག་གི་མཛད་འཆར་དེ་ལེགས་པར་གྲུབ་ཡོད་པ།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་ལྔ་རེས་གཟའ་ཟླ་བའི་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་དེ་འདས་པའི་ཉིན་དྲུག་གི་མཛད་འཆར་དེ་ཁ་ས་རེས་གཟའ་སྤེན་པའི་ཉིན་ལེགས་གྲུབ་ཀྱིས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་གྱུར་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཉིན་གྲངས་དྲུག་བཞུགས་བཞག་གནང་བའི་རིང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ཡི་གཞུང་གིས་བསྐོ་བཞག་གནང་བའི་བོད་ཀྱི་གནད་དོན་ཐོག་ལ་འབྲེལ་མཐུད་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་ལྕམ་ཨོ་ཊེ་རོ་དང་མཇལ་འཕྲད་གནང་བ་དང་ལྷག་པར་དུ་སྐུ་ཚེའི་ཕན་པ་མ་རྫོགས་བར་ཏུ་བོད་དོན་ཐོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུ་མཁན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀྲོམ་ལེན་ཀྲོ་སེ་དམ་པ་དེ་ཉིད་ཀྱི་མཚན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐོག་མ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་དང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་ལོ་ཉིས་སྟོང་དགུ་ལོའི་བདེན་པའི་སྒྲོན་མེའི་བྱ་དགའ་དེ་༸གོང་ས་མཆོག་གིས་དེ་སྔ་ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཊེན་སྐབས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཇུ་ལི་ཡ་ཀྲེཕཊི་དང་རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཤོང་གཉིས་ལ་སྩལ་བའི་མཛད་སྒོ་དང་ཡང་སེམས་དང་སྲོག་ཅེས་པའི་ནང་པ་དང་ཚན་རིག་མཁས་པའི་ལྷན་ཚོགས་ཐོག་མཉམ་བཞུགས་གནང་བ་སོགས་མཛད་འཆར་མང་པོ་བསྐྱང་གནང་ཡོད་ཅིང་རེས་གཟའ་སྤེན་པ་ཉིན་མཐའ་མའི་མཛད་འཆར་ནང་ནས་སྔ་དྲོ་ཕྱག་ཚོད་དགུ་པ་ནས་བཅུ་གཅིག་དང་ཕྱེད་ཀ་བར་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭའི་ནང་དུ་མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་མི་དམངས་བཞི་སྟོང་གསུམ་བརྒྱ་ལྷག་འདུ་འཛོམས་ཐོག་དམིགས་བསལ་སེམས་བརྒྱུད་དུ་རྒྱུ་མ་རིག་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་ ངར་རྒྱལ་སོགས་ལ་གཉེན་པོ་བསྟེན་སྟངས་དང་ལྷག་པར་དུ་ནང་གི་སེམས་དང་གནོད་སེམས་ ཚིགས་རྩུབ་ སྡང་སེམས་བཅང་པ་ཡིན་ཚེ་དེའི་འབྲས་བུ་ངན་པ་རང་ཉིད་ཀྱི་བརྒྱུད་ལ་སྨིན་པ་སོགས་ལས་འབྲས་ཀྱི་རྣམ་བཞག་སོགས་ངོ་སྤྲོད་གནང་ཡོད་པ་དང་དེ་རྗེས་ཉིན་གུང་གི་ཕྱག་ཚོད་གཉིས་པའི་ཐོག་རྒྱལ་ས་ལྦ་ཤིང་ཀྲོན་དང་དེའི་ཉེ་འཁོར་གྱི་ས་གནས་དང་གྲོང་ཁྱེར་ཁག་ནས་ཕེབས་པའི་བོད་མི་བཞི་བརྒྱ་ལྷག་ལ་བླང་དོར་གྱི་བཀའ་སློབ་གནང་གྲུབ་པའི་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱང་ཏེ་ནིའུ་ཡོག་བརྒྱུད་རྒྱ་གར་ཏུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་རེད། ཡིན་ནའང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ཡིས་མཇལ་འཕྲད་མ་ཞུས་ཀྱང་འདི་གར་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ནང་༸གོང་ས་མཆོག་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་བར་བསྐྱར་ཏུ་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་འཆར་གཞི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org