རྒྱ་གར་སྲིད་བློན་གྱིས་བོད་དོན་སྐོར་གླེང་སློང་གནང་སྲིད་པ།
༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིར་ཆེད་ཕེབས་སྐབས་བོད་ཀྱི་གནད་དོན་ཐད་གླེང་སློང་གནང་སྲིད་པ་བཀའ་གནང་འདུག།
-
2009-11-21 -
-
-
༄༄༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་ཨ་རིར་གཞུང་གི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ཆེད་ཕེབས་སྐབས་བོད་ཀྱི་གནད་དོན་ཐད་གླེང་སློང་གནང་སྲིད་པ་བཀའ་གནང་འདུག།
གཟའ་སྤེན་པའི་ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནི་སྲིད་དོན་པ་གཙང་མ་ཞིག་ཡིན་པ་དང་ ཁོང་གི་ངོས་ནས་གཟའ་འཁོར་རྗེས་མར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷཱ་མ་མཇལ་འཕྲད་སྐབས་བོད་དོན་དང་འབྲེལ་བའི་གནད་དོན་ཐད་གང་གནང་ཐུབ་པ་དེ་ངེས་པར་གནང་རྒྱུ་ཡིན་པར་ཐུགས་རེ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
རྒྱ་གར་གྱི་གསར་ལས་ཁང་ཨའེ་ཨེ་ཨེན་ཨེསི་གྱིས་ལུང་འདྲེན་བྱས་པའི་གནས་ཚུལ་ཞིག་གི་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མན་མོ་ཧན་སིངག་ནི་མི་དྲང་པོ་ཞིག་དང་སྲིད་དོན་པ་གཙང་མ་ཞིག་རེད་ཅེས་དང་རྒྱ་གར་དང་བོད་དབར་ཐོུང་མ་ཡིན་པའི་ཆོས་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡོད་ཅིང་སྲིད་བློན་གྱི་ངོས་ནས་སྲིད་འཛིན་ཨོ་བྷ་མར་ཞུ་བསྐུལ་གང་ཡང་གནང་འོས་པ་དེ་ངེས་པར་གནང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ནི་ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མའི་གཞུང་གིས་ཕྱི་རྒྱལ་གྱི་དབུ་འཁྲིད་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་ཀྱི་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་གཟའ་སྤེན་པའི་ཉིན་རྒྱ་གར་ནས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་གནང་ཟིན་པ་ཡིན་པ་རེད།
ཁོང་ཨ་མི་རི་ཀའི་རྒྱལ་སའི་ཁུལ་དུ་ཉིན་གྲངས་བཞིའི་རིང་བཞུགས་ཞག་གནང་རྒྱུ་ཡིན་འདུག་ཅིང་གཟའ་སྤེན་པའི་ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀར་བོད་དོན་ཐད་ཇི་ཙམ་གནང་ཐུབ་མིན་གྱི་ཚད་གཞི་ཡོད་པ་དེ་མཁྱེན་རྟོགས་ཡོད་ཅེས་དང་འོན་ཀྱང་རྒྱ་གར་གྱི་སྲིད་བློན་གྱི་ངོས་ནས་དངོས་ཡོད་གནས་སྟངས་དང་མཚམས་པ་དང་དོན་དངོས་དང་མཐུན་པ་གནང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་དོན་སྐོར་རྒྱ་ནག་གི་སྲིད་འཛིན་དང་བཀའ་མོལ་གནང་པར་ཐུགས་རྗེ་ཆེ་ཞུ་གནང་མཛད་ཡོད་པ་རེད།།