༸གོང་ས་མཆོག་གིས་ལ་དྭགས་ལ་སློབ་གྲྭ་དབུ་འབྱེད་གནང་བ།

༸གོང་ས་མཆོག་ནས་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་ཁུལ་དུ་འཇམ་དབྱངས་སློབ་གྲྭ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་རེད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་ཟངས་དཀར་དུ་ཇི་ལྟར་ས་གནས་ནས་གསོལ་འདེབས་ཞུས་པ་ལྟར་ཞབས་སོར་འཁོད་དེ་ཆོས་འབྲེལ་གནང་བཞིན་པ་རེད།

ཡང་རྒྱ་གར་གྱི་གསར་ཤོག་ནང་གནས་ཚུལ་ཐོན་པར་གཞིགས་ན་༸གོང་ས་མཆོག་གིས་འཇམ་དབྱངས་སློབ་གྲྭ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་ཅིང་སློབ་གྲྭ་དེ་ནི་ཟངས་དཀར་དང་ཀར་སྒིལ།ནུབ་ར་བཅས་ཕྱོགས་མཐར་གནས་པའི་ཕྲུ་གུ་ཤེས་ཡོན་གྱི་མཐུན་རྐྱེན་བྲལ་བ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཡིན་པ་རེད། འཇམ་དབྱངས་སློབ་གྲྭ་དེ་ནི་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩ་དང་སླེ་ན་ལན་ཌ་ཆོས་ཀྱི་ལྟེ་གནས་བཅས་ཀྱི་རོགས་རམ་འོག་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ཡང་འཇམ་དབྱངས་སློབ་གྲྭའི་ནང་སློབ་འཇུག་བྱེད་ཕྱོགས་ནི་སློབ་གྲྭའི་དྲུང་ཆེ་ཕྱོགས་མཐའ་ཁག་ལ་བསྐྱོད་དེ་ས་གནས་སུ་ཉམ་ཐག་དང་སློབ་སྦྱོང་གི་གོ་སྐབས་བྲལ་བའི་ན་གཞོན་ཚོ་འདེམས་སྒྲུག་གནང་སྟེ་སློབ་འཇུག་གནང་གི་ཡོད་པ་རེད། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་དོན་ལྟར་སློབ་གྲྭ་དེའི་ནང་སློབ་ཕྲུག་ཚོར་ནང་པའི་ཆོས་དང་དེང་དུས་ཀྱི་ཤེས་བྱ་གཉིས་ཟུང་དུ་སྦྲེལ་ནས་སློབ་གཉེར་བྱེད་ཀྱི་ཡོད་པ་རེད། སློབ་གྲྭ་དེའི་ནང་ད་ལྟའི་ཆར་འཛིན་གྲྭ་ལྔ་པ་བར་ཡོད་པ་དང་སློབ་ཕྲུག་ཁྱོན་བསྡོམས་དྲུག་ཅུ་ཙམ་ཡོད་པ་རེད། ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ཉི་ཤུ་གཅིག་བར་ཟངས་དཀར་དུ་ཆོས་འབྲེལ་གཙོ་བོར་འགྱུར་བའི་མཛད་འཆར་ཡོད་པ་དང་དེ་རྗེས་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཅིག་ནས་ཚེས་ཉི་ཤུ་དགུ་བར་ལ་དྭགས་རྒྱལ་ས་སླེ་རུ་གསུང་ཆོས་གཙོ་བོར་འགྱུར་པའི་མཛད་འཆར་ཡོད་སྐོར་བཙན་བྱོལ་བོད་གཞུང་དྲ་རྒྱའི་ནང་བཀོད་འདུག འོན་ཀྱང་མཛད་འཆར་ཞིབ་ཕྲ་ད་བར་དྲྭ་རྒྱའི་ཐོག་བཀོད་གནང་མཛད་མིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org