༸གོང་ས་མཆོག་ནས་ལྦིཏ་ནམ་གྱི་གཙུག་ལག་ཁང་དབུ་འབྱེད།
༧གོང་ས་མཆོག་ཨོ་སི་ཁྲོ་རི་ཡའི་ནང་ལྦིཏ་ནམ་མི་རིགས་ཀྱིས་གསར་རྒྱག་བྱས་པའི་གཙུག་ལག་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར།
-
2011-06-10 -
-
-
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཁྲོ་རི་ཡའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པ་ལྟར། དེ་རིང་གཟའ་སྤེན་པའི་ཉིན་ཨོ་སི་ཁྲོ་རི་ཡའི་གྲོང་ཁྱེར་མེལ་བན་ནང་དུ་ཡོད་པའི་ལྦིཏ་ནམ་མི་རིགས་ཀྱི་དགེ་འདུན་པ་དང་། དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་ལྦིཏ་ནམ་མི་རིགས་ཀྱིས་གསར་རྒྱག་བྱས་པའི་གཙུག་ལག་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གྱིས། ལྦིཏ་ནམ་གྱི་དགེ་འདུན་པ་དང་དད་ལྡན་ཆོས་ཞུ་བ་དེ་བཞིན་མངའ་ཁུལ་དེའི་ནང་གཞོན་སྐྱེས་ལས་མེད་དཀའ་ངལ་ཅན་སོགས་མི་གྲངས་ལྔ་བརྒྱ་ལྷག་ཙམ་ལ་མི་འཚེའི་སྙིང་པོ་དང་། སེམས་ཀྱི་ཞི་བདེའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང་། དེ་རྗེས་༧གོང་ས་མཆོག་གིས་གྲོང་ཁྱེར་མེལ་བོན་ནང་ཡོད་པའི་ད་ཕྲུག་དང་། ལས་མེད་གཞོན་སྐྱེས་ཚོར་རོགས་རམ་བྱེད་མཁན་གྱི་20THMan fund ཞེས་པས་གདན་ཞུས་པ་བཞིན་ཆེད་ཕེབས་གནང་སྟེ། ལས་མེད་དཀའ་ངལ་ཅན་དང་ ད་ཕྲུག་ལས་བྱེད་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་ལ་སོ་སོར་དཀའ་ངལ་ཕྲད་པའི་སྐབས་གདོང་ལེན་བྱ་ཕྱོགས་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་མ་ཟད། ཚོགས་པ་དེར་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་ཡོད་པ་རེད།
ད་ཕྲུག་དང་གཞོན་སྐྱེས་ལས་མེད་དཀའ་ངལ་ཅན་ཚོར་རོགས་རམ་བྱེད་མཁན་གྱི་ཚོགས་པ་དེའི་ཚོགས་གཙོ་Les Twentyman ཟེར་བས། ༧གོང་ས་མཆོག་ནས་ཚོགས་པ་དེར་ཨ་སྒོར་འབུམ་གཅིག་གི་ཞལ་འདེབས་གནང་སྐབས། ཧང་སང་པ་དང་སེམས་འགུལ་ཧ་ཅང་ཐེབས་ནས་མིག་ཆུ་གཏོང་བཞིན་ཞལ་འདེབས་ཞུས་ཡོད་པ་རེད། ༧གོང་ས་མཆོག་གིས་ཞལ་འདེབས་དེ་བཞིན་ད་ཕྲུག་དང་ལས་མེད་གཞོན་སྐྱེས་ཚོར་འཚོ་རྟེན་དང་། སློབ་གསོའི་ཆེད་དུ་གནང་བ་ཞིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ་ གཞོན་སྐྱེས་ཚོས་མ་འོངས་ཞལ་འདེབས་ལ་རྟེན་མི་དགོས་པར་རང་གི་རྐང་པའི་ཐོག་རང་ལངས་ཐུབ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་བླང་དོར་གྱི་བཀའ་སློབ་ཟབ་མོ་བསྩལ་ཡོད་འདུག ད་ཕྲུག་དང་གཞོན་སྐྱེས་ལས་མེད་དཀའ་ངལ་ཅན་ཚོར་རོགས་རམ་བྱེད་མཁན་གྱི་ཚོགས་པ་དེའི་ཚོགས་གཙོ་Tweentyman ཡིས་གསུངས་ན། ༧གོང་ས་མཆོག་གིས་གནང་བའི་ཞལ་འདེབས་དེས་སློབ་ཕྲུག་གཅིག་སྟོང་ཙམ་བསྐྱར་དུ་སློབ་གྲར་བསྐྱོད་ཐུབ་རྒྱུ་མ་ཟད། ཉམས་ཐག་ལས་མེད་གཞོན་སྐྱེས་ཚོའི་མ་འོངས་ལོ་ཤས་ཀྱི་འཚོ་རྟེན་ཡང་ཆགས་རྒྱུ་ཡིན་པ་གསུངས་འདུག།