༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་ཁྲིམས་གཏུགས།

༧གོང་ས་མཆོག་ལ་ལྷོ་ཨཕ་རི་ཀས་ཐོངས་མཆན་མ་ཕུལ་བའི་བྱ་སྤྱོད་དེ་དག་ཁྲིམས་མཐུན་ཡིན་མིན་ཐད་བསྐྱར་ཞིབ་གནང་རྒྱུ་མིན་པའི་ཐག་ཆོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་ལོ་ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་གནང་རྒྱུའི་ཐོངས་མཆན་མ་ཕུལ་བའི་བྱ་སྤྱོད་དེ་དག་ཁྲིམས་མཐུན་ཡིན་མིན་ཐད་ཁྲིམས་ཁང་གིས་བསྐྱར་ཞིབ་གནང་རྒྱུ་མིན་པའི་ཐག་གཅོད་ཐེངས་གཉིས་པ་བྱས་པ་དེར་ལྷོ་ཨཕ་རི་ཀའི་IFPཆབ་སྲིད་ཚོགས་པའི་ཚོགས་གཙོ་མན་གོ་སུ་ཐུ་སྦུ་ཐེ་ལེ་ཛི་ཡིས་བློ་ཕམ་ཆེན་པོ་གནང་བཞག།
གང་ཟག་སྒེར་པ་ཞིག་གི་ཆབ་སྲིད་ཀྱི་བསམ་ཚུལ་ལ་མི་དགའ་བར་ཡུལ་ནང་ཕེབས་མི་ཆོག་པའི་དམ་བསྒྲགས་གཞུང་གིས་བྱེད་ཆོག་གི་ཡོད་མེད་སྐོར་ཁྲིམས་ཁང་ནས་ཐག་གཅོད་ཅིག་ཡོང་བའི་སྙན་ཞུ་ཞིག་ ལྷོ་ཨཕ་རི་ཀའི་ཁྲིམས་ཁང་ལ་ཕུལ་ཡོད་པའི་སྐོར་སྦུ་ཐེ་ལེ་ཛིས་གསུངས་ཏེ། ལྷོ་ཨཕ་རི་ཀ་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་མ་ཟད། དམངས་གཙོའི་ལམ་ལུགས་དང་མ་མཐུན་པ། དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཡིན་སྐོར་སྐྱོན་བརྗོད་གནང་བཞག།
སྔ་ལོ་ལྷོ་ཨཕ་རི་ཀའི་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོང་མཆན་མ་ཕུལ་བའི་གནད་དོན་དེ་ཁྲིམས་མཐུན་ཡིན་མིན་ཁྲིམས་ཁང་གིས་བསྐྱར་ཞིབ་གནང་དགོས་པའི་ཞུ་གཏུགས་ལ་ ཁྲིམས་ཁང་གིས་ཐེངས་གཉིས་པ་ངོས་ལེན་གནང་མེད་ཅིང༌། ཁྲིམས་དཔོན་གྱིས་ཆགས་ཟིན་པའི་སྒོ་ང་དེ་འགྲིག་ཐབས་མེད་པའི་དཔེ་མཚོན་གསུངས་ནས་འདས་པའི་གཞུང་གི་བྱ་སྤྱོད་ལ་བསྐྱར་ཞིབ་བྱས་ན་འགྲིག་མིན་གྱི་རྒྱུ་མཚན་གསུངས་ཡོད་པ་རེད།
སྦུ་ཐེ་ལེ་ཛི་ཡིས་ ཁྲིམས་ཁང་གིས་གོང་ཞུས་རྒྱུ་མཚན་དེ་གསུངས་པ་ཡིན་ན། འཛིན་སྐྱོང་དང་གཞུང་གི་བྱ་སྤྱོད་མང་པོ་ཞིག་ཁྲིམས་འགལ་དང་ནོར་པ་ཡིན་ན་ཁྲིམས་ཞིབ་གནང་མ་ཐུབ་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་སྐྱོན་བརྗོད་དང་འབྲེལ། ལྷོ་ཨཕ་རི་ཀའི་ཁྲིམས་རྩོད་པ་མང་པོ་ཞིག་གིས་དུས་ཚོད་བཏང་ནས་དྲང་བདེན་གྱི་ཁྲིམས་གཞི་དེ་རྩོད་ཐབས་གནང་ཡོད་པ་དང༌། གནད་དོན་དེའི་ཐད་དྲང་བདེན་གྱི་ཐག་གཅོད་ཞིག་མ་བྱུང་བར་དུ་ཁྲིམས་ཁང་ལ་མུ་མཐུད་ཞུ་གཏུགས་གནང་རྒྱུ་ཡིན་པ་དང༌། སྦུ་ཐེ་ལེ་ཛི་ས་གནད་དོན་དེའི་ཐད་ཐག་གཅོད་ཡོང་ཐབས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་མོ་སུཨོ་ཨ་ལེ་ཀོ་ཊ་དང་བཀའ་གྲོས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org