༸གོང་ས་མཆོག་ནས་སྤྱི་འཐུས་ལ་བསྩལ་བའི་གསུང་འཕྲིན།
༸གོང་ས་མཆོག་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་བའི་གསུང་འཕྲིན།
-
2011-03-15 -
-
-
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་བཞག་རྒྱུའི་དགོངས་གཞི་དེ་བོད་མིའི་མང་གཙོའི་འཕེལ་རིམ་ཆ་ཚང་བ་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་པའི་ཆེད་དུ་དམིགས་པ་ཡིན་སྐོར་ སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་གནང་མཛད་པའི་གསུང་འཕྲིན་ནང་༧གོང་ས་མཆོག་གིས་གསུང་གནང་མཛད་འདུག དེ་ཡང་འདི་ཚེས་༡༤ཉིན་སྩལ་བའི་གསུང་འཕྲིན་ནང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་ཡག་ཤོས་ཡིན་པ་བཅས་ལ་བརྟེན་ནས་། ད་བར་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་བརྩམས་ཏེ། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ ༧རྒྱལ་བ་རིན་པ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད་པར་སོང༌། གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་ཕུད་དུ་མ་བཞག་པར་། ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་ བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས། ངོས་ནས་ཏྰ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས་ཞེས་དང༌། ཡང་གསུང་འཕྲིན་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མུ་མཐུད། སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི། འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆགས་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར། བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཡིན། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས། རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློས་གཏད་ཡོད་པ་དེ་སྲིད་དུ། ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་དོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས་ཞེས་བཀའ་ཕེབས་འདུག་པ་དེ་ལྟར་ཡང་། འདི་ཚེས་༡༣ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གོ་སྒྲིག་ཞུས་པའི་བགྲོ་གླེང་ཐོག་བཀའ་མོལ་གནང་སྐབས་ འདི་ལོའི་བཀའ་བློན་ཁྲི་པའི་འོས་མི་གསུམ་པོས་། ༧གོང་ས་ཆེན་པོ་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མུ་མཐུད་གནང་སྐྱོང་ཡོང་བའི་གསོལ་འདེབས་བསྐྱར་དུ་ཞུ་དགོས་པའི་དགོངས་ཚུལ་གཅིག་གྱུར་སྟོན་གནང་ཡོད་འདུག