༧གོང་ས་མཆོག་ལ་མཁས་པའི་ཆེ་བསྟོད་གཟེངས་རྟཌ་ཕུལ་བ།
2011.05.10
༄༅༎ཁ་སང་ཕྱི་ཟླ་ ༥ ཚེས་ ༩ ཉིན་སཱ་ཐན་མེ་ཐོ་ཌསཏ་(Southern Methodist)མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་ཧོང་དང་ དེ་རྗེས་ཨ་མི་རི་ཀའི་མངའ་སྡེ་ ཀ་ལི་ཕྷོར་ནི་ཡ་དང་ མི་ནེ་སོ་ཊ་བཅས་ཀྱི་ཆིབས་བསྒྱུར་ལེགས་གྲུབ་རྗེས་ ཕྱི་ཟླ་ ༥ ཚེས་ ༩ ཉིན་ ཨ་རིའི་མངའ་སྡེ་ ཊེཀ་སསི་གྱི་གྲོང་ཁྱེར་ ཌ་ལསི་རུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་དེ་ ཁུལ་དེར་ཡོད་པའི་ལྷོ་རྒྱུད་མེ་ཐོ་ཌིསིཊ་མཐོ་རིམ་གཙུག་ལམ་སློབ་གྲྭ་ཆེན་མོས་གོ་བསྒྲིགས་ཞུས་པའི་ཧཏ་(Hart)གོ་ལའི་འགོ་འཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཀུན་ཁྱབ་འགན་འཁུར་དང་ ཆོས་ལུགས་མཐུན་སྒྲིལ་གྱི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་པ་དང་ སྐབས་དེར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ ཇོརཇི་བུཤ་མཆོག་གི་ལྕམ་ལའོ་ར་བུཤ་མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ འཛམ་བུ་གླིང་འདི་མིའི་སྤྱི་ཚོགས་ལ་བདག་པ་ཞིག་ཡིན་པ་ལས་ རྒྱལ་པོའམ་ཆོས་ལུགས་ཀྱི་འགོ་འཁྲིད་ཚོར་བདག་པ་ཞིག་མ་རེད་ཅེས་བཀའ་གནང་འདུག་ལ་ ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་ལུགས་ནི་ལམ་བཟང་ཤོས་ཤིག་ཡིན་པ་བཀའ་གནང་པའི་སྐབས་ མང་གཙོ་ཞེས་པ་ནི་ཨ་མི་རི་ཀའི་ཁྱད་ནོར་ཙམ་མིན་པར་ དེ་ནི་གོ་ལ་སྤྱི་ཡོངས་སུ་ཁྱབ་དགོས་པ་ཞིག་ཡིན་པ་བཀའ་གནང་འདུག།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ དུས་རབས་ཉི་ཤུ་རྩ་གཅིག་པའི་གཞོན་སྐྱེས་ཚོས་ཁྱབ་ཆེ་བའི་བསམ་བློ་གུ་ཡངས་ཤིག་གི་ཐོག་ནས་བལྟས་ཏེ་ དུས་རབས་ཉི་ཤུ་ཐམ་པའི་ནང་བཟོས་པའི་དཀའ་རྙོག་དེ་དག་སེལ་ཐབས་ལ་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་པ་དང་ དུས་རབས་ཉི་ཤུ་རྩ་གཅིག་པའི་གཞོན་སྐྱེས་ཚོས་ འཛམ་གླིང་འདིའི་ནང་ཞི་བདེ་ལྡན་པ་དང་སྤྲོ་སྣང་ལྡན་ལ་ མང་གཙོ་ཡོད་པ་ཞིག་བཟོ་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
ཧཏ་གོ་ལའི་འགོ་འཁྲིད་ཀྱི་གླེང་སྟེགས་ཀྱི་ལས་འཆར་ཞེས་པ་དེ་མཐོ་རིམ་སློབ་གྲྭས་ཕྱི་ལོ་ ༡༩༩༩ ལོར་འགོ་བཙུགས་ཞུས་པ་ཞིག་ཡིན་པ་དང་ གླེང་སྟེགས་དེའི་ཚོགས་འདུའི་ཐོག་ད་བར་གསུང་བཤད་གནང་མཁན་གྱི་ཁོངས་སུ་ ཨ་རིའི་སྲིད་འཛིན་ཟུར་པ་ ཇེ་རལཌ་ཕྷོརཌ་དང་ སྲིད་འཛིན་ཟུར་པ་ཇོཇ་ཨེཇ་ཌབ་ལུ་སྦུཤ་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ མེ་ཌ་ལིན་ཨལ་སྦརཡེཌ་དང་ དབྱིན་ཇིའི་སྲིད་བློན་ཟུར་པ་ཊོ་ནི་སྦ་ལེར་སོགས་ཡོད་པ་རེད།
མཐོ་རིམ་སློབ་གྲྭ་དེའི་འཕེལ་རྒྱས་དང་ཕྱི་འབྲེལ་སྡེ་ཚན་གྱི་གཙོ་འཛིན་གཞོན་པ་སྦེ་རེདྲ་ཆེལྦ་སི་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་བསུའི་གསུང་བཤད་གནང་སྐབས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ་དེ་ནི་ མཐོ་རིམ་སློབ་གྲྭ་འདིའི་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་རང་བཞིན་ཞིག་ཡིན་པ་གསུངས་འདུག།