༸གོང་ས་མཆོག་ནས་རྒྱ་གར་མུམ་སྦའེ་གྲོང་ཁྱེར་དུ་བཀའ་སློབ།
2011.02.18
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་དུ་དབང་རྩའི་གཤག་བཅོས་བྱེད་མཁན་གྱི་སྨན་པའི་ལྷན་ཚོགས་ཤིག་ཏུ་ཆིབས་བསྒྱུར་བསྐྱངས་བའི་སྐབས་ ཉེ་བའི་ཆར་ཀྲུ་ནི་ཤི་ཡ་དང་ཨི་ཇབ་ནང་བྱུང་བའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གན་རྡི་ཡི་འཚེ་མེད་ཞི་བའི་ལམ་སྲོལ་བསྟན་པ་ལྟར་བྱུང་པ་བཀའ་བསྩལ་གནང་ཡོད་པ་དང་ ༧གོང་ས་མཆོག་ནས་རྒྱ་གར་གྱི་མེས་པོ་དམ་པ་གན་རྡིམཆོག་གི་འཚེ་མེད་ཞི་བའི་་ལམ་སྲོལ་གྱིས་ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་དབུ་འཁྲིད་མའར་ཊིན་ལུ་ཐར་ཀིང་མཆོག་དང་ ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སེན་མན་ཌེ་ལ་རྣམ་གཉིས་ལ་བློ་སྟོབས་འཕེལ་བའི་སེམས་འགུལ་ཐེབས་གནང་ཡོད་ཅིང་ ལོ་མང་པོའི་གོང་ཕེ་ལི་ཕིན་ནས་ཆི་ལིའི་ཡུལ་གྲུའི་བར་མང་ཚོགས་ཀྱི་གཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་སྤེལ་ནས་ཡུལ་གྲུ་དེ་ཚོའི་ནང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་ ད་ཆ་ཨི་ཇབ་དང་ཀྲུ་ནི་ཤི་ཡ་ནང་ལ་ཡང་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཚོས་མཚོན་ཆ་ཁབ་རྐུད་ཙམ་ཡང་བེད་སྤྱོད་བྱ་མི་དགོས་པར་ འགྱུར་ལྡོག་གྱི་ལམ་བུ་ཞིག་སྐྲུན་ཐུབ་ཡོད་པ་རེད་ དེ་དག་ཚང་མ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ཡོད་ཅེས་བཀའ་སྩལ་གནང་ཡོད་པ་རེད་ ཟླ་བ་སྔོན་མ་ཀྲུ་ནི་ཤི་ཡ་དང་དེ་བཞིན་ཨི་ཇབ་ནང་མང་ཚོགས་ཁྲི་སྟོང་མང་པོས་ཁྲོམ་གཞུང་དུ་འདོན་ནས་ཡུལ་གྲུ་དེ་གཉིས་ཀྱི་དབང་ཆ་གཅིག་སྡུད་ཀྱི་སྲིད་འཛིན་ལས་གནས་ནས་ཕྱིར་བཤོལ་དགོས་པའི་ཞི་བའི་ངོ་རྒོལ་བྱས་ནས་ཐར་འབྲས་བུ་ངེས་ཅན་ཞིག་ཐོབ་ཏེ་ ཀྲུ་ནི་ཤི་ཡའི་སྲིད་འཛིན་ཕྱི་རྒྱལ་ཡུལ་དུ་བྲོས་བྱོལ་དུ་བསྐྱོད་དགོས་བྱུང་བ་དང་ ཨི་ཇབ་ཀྱི་སྲིད་འཛིན་ཡང་སྲིད་འཛིན་ལས་གནས་ནས་ཕྱིར་བཤོལ་བྱེད་དགོས་བྱུང་ཡོད་པ་རེད་ དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་དེ་སྟོབས་ཤུགས་མེད་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་མེད་པ་དང་ དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང་དྲག་སྤྱོད་ཀྱི་དུས་རབས་ཤིག་ཡིན་ཡང་ དུས་རབས་ཉི་ཤུ་རྩ་གཅིག་དེའི་ནང་གྲོས་མོལ་དང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་གནད་དོན་སེལ་ཐབས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་བཀའ་སྩལ་གནང་མཛད་འདུག