༸གོང་ས་མཆོག་གི་ཕེ་རན་སིའི་མཛད་འཆར་སྐོར།
༸གོང་ས་མཆོག་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ཞིག་མཚོན་གྱི་ཡོད་རེད་ཅེས་བཀའ་གནང་ཡོད་འདུག
-
2008-08-14 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་ཀྱི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ཞིག་མཚོན་གྱི་ཡོད་རེད་ཅེས་བཀའ་གནང་ཡོད་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བཅུ་གཅིག་ཉིན་ཕེ་རན་སིའི་ནང་ཞབས་སོར་འཁོད་གནང་མཛད་ནས་ཉིན་གྲངས་གསུམ་རིང༌། ཆོས་འབྲེལ་དང༌། དེ་བཞིན་ཕེ་རན་སིའི་གྲོས་ཚོགས་འཐུས་མི། དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་རེད།
ཁ་ས་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ཀྱི་འཐུས་མི་སུམ་ཅུ་ལྷག་ཙམ་དང་མཇལ་འཕྲད་གནང་ཡོད་རེད་ལ་མཇལ་འཕྲད་སྐབས་༸གོང་ས་མཆོག་གིས། བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་ཡོད་འདུག ཡང་ཁ་ས་གསར་འགོད་ལྷན་ཚོགས་ཤིག་ཐོག་བོད་རྒྱའི་གྲོས་མོལ་སྐོར་བཀའ་འདྲི་ཞུས་པའི་སྐབས། ཉེ་ཆར་སྐུ་ཚབ་རྣམ་མཇལ་འཕྲད་ཀྱི་བརྒྱུད་རིམ་དེ་ཡག་པོ་ཞིག་བྱུང་མེད་པ་རེད། འོན་ཀྱང་ང་ཚོའི་ངོས་ནས་ད་དུང་མུ་མཐུད་ནས་འབྲེལ་ལམ་བརྒྱུད་གྲོས་མོལ་གནང་འཆར་ཡོད་ལ་འདིའི་སྐོར་འཆར་ཟླའི་ནང༌། བཙན་བྱོལ་བོད་མི་མང་ཚོགས་ཆེན་ཚུགས་པའི་སྐབས་ཞིབ་ཕྲའི་བགྲོ་གླེང་ཡོང་གི་རེད་ཅེས་བཀའ་ལན་གནང་འདུག ཡང་༸གོང་ས་མཆོག་གིས་གསར་འགོད་པ་ཚོས་བོད་པའི་གནད་དོན་ཐོག་ཐུགས་སྣང་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང༌། ཆབས་ཅིག་བོད་ཀྱི་གནད་དོན་གླེང་སློང་བྱེད་ཀྱི་ཡོད་པ་དེ་ནི་ཁྱེད་རྣམས་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པར་མཚོན་གྱི་ཡོད་རེད་མ་གཏོགས་བོད་དོན་རྒྱབ་སྐྱོར་བྱེད་པ་ཞིག་མ་རེད་ལ་གསར་འགྱུར་བཀོད་མཁན་ཚོའི་ངོས་ནས་མང་ཚོགས་ལ་དངོས་ཡོད་གནས་ཚུལ་རྣམས་གསལ་པོ་གོ་རྟོགས་སྤེལ་ཐབས་བྱེད་རྒྱུ་ནི་ལས་འགན་ཡང་རེད་ཅེས་བཀའ་གནང་འདུག ཁ་ས་མཛད་འཕྲིན་ཁོངས་སུ། ཕེ་རན་སི་དང་ སྦེལ་ཇེམ་ནས་ཆེད་བཅར་ཞུས་པའི་བོད་མི་དྲུག་བརྒྱ་ལྷག་ཙམ་ལ་མཇལ་ཁ་སྩལ་གནང་མཛད་པའི་སྐབས། དམིགས་བསལ་རྒྱ་རིགས་ཚོའི་མཉམ་འབྲེལ་བ་དམ་ཟབ་བྱེད་དགོས་པ་དང། ཁེ་ན་ཌ་སོགས་ས་གནས་ཁག་ཅིག་ནང་བཙུགས་ཡོད་པ་ལྟར་རྒྱ་བོད་མཐུན་ཚོགས་ཆེད་བཙུགས་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་ཕེ་རན་སིའི་ལྷོ་ཕྱོགས་ཁུལ་ཆིབས་བསྒྱུར་གྱིས་ཚེས་ ༢༣ བར་བཞུགས་རྒྱུན་རིང་གཙོ་བོ་ཆོས་འབྲེལ་གྱི་མཛད་རིམ་ཁག་ཅིག་ཡོད་པ་རེད།