ཉི་ཧོང་དུ་༸གོང་ས་མཆོག་མཁས་པའི་བགྲོ་གླེང་དུ་ཆིབས་བསྒྱུར།
༸གོང་ས་མཆོག་ཉི་ཧོང་གི་མཚན་སྙན་གྲགས་པའི་ཚན་རིག་པ་ཁག་ཅིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
-
2009-11-02 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་མཚན་སྙན་གྲགས་པའི་ཚན་རིག་པ་ཁག་ཅིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད་ དེ་ཡང་ཚོགས་འདུ་དེའི་བརྗོད་གཞི་ནི་མ་འོངས་པའི་འཇིག་རྟེན་ནང་ནང་ཆོས་ཀྱི་བླང་དོར་དེང་རབས་ཀྱི་ཚན་རིག་ཞེས་པའི་ཐོག་བགྲོ་གླེང་གནང་ཡོད་ཅིང་བགྲོ་གླེང་དེ་ཉི་ཧོང་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་དང་ཉི་ཧོང་གི་ཆོས་ཚོགས་ཁག་གཉིས་ལྷན་དུ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་ ཉི་ཧོང་གི་མཚན་སྙན་གྲགས་པའི་ཚན་རིག་པའི་ཁོངས་སུ་སློབ་དཔོན་ཁག་ཅིག་ཕེབས་ཡོད་ཅིང་དེ་ཡང་དེའི་ཁོངས་སུ་སྐུ་ཞབས་ཊ་ཀེ་མུ་ར་དང་ཧོ་ཤི་ནི་ཏ་ས་ཀ་དང་ཤི་མི་ཛུ་བཅས་ཡིན་པ་རེད་
དེ་ཡང་༸གོང་ས་མཆོག་གིས་འཁོར་ཡུག་ཐོག་བཀའ་མོལ་གནང་སྐབས་ང་ཚོར་འཛམ་གླིང་འདི་གཅིག་པུ་ལས་མེད་སྟབས་དེར་བདག་བཅེས་ཡག་པོ་བྱེད་དགོས་ འགྲོ་བ་མི་ཚང་མས་དེ་སྔའི་ནོར་འཁྲུལ་ཁག་ངོས་བཟུང་ནས་དེ་དག་བཅོས་ཐབས་ཀྱི་ཐབས་ལམ་འཚོལ་དགོས་ཞེས་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་དེང་རབས་ཀྱི་འཕྲུལ་ཆས་ཀྱིས་ང་ཚོར་ནོར་འཁྲུལ་གྱི་གདེང་ཚོད་ཅིག་སླེབས་ཡོད་པ་རེད་ ང་ཚོས་ད་ལྟའི་ཚོགས་ཁང་འདིའི་ཚ་དྲོད་ཆེ་ཆུང་བཟོ་ཐུབ་ཀྱང་འཛམ་གླིང་གི་ཚ་དྲོད་བཏང་འཛིན་བྱེད་མི་ཐུབ་ཅེས་བཀའ་གནང་འདུག ཉི་ཧོང་གི་སློབ་དཔོན་སྐུ་ཞབས་ཀ་ཚུ་མི་ཧོ་ཤི་ནོ་ཡིས་དེང་སྐབས་ཀྱི་དུས་སྐབས་འདིར་འཛམ་གླིང་ནང་ནུས་ཤུགས་དང་གཏེར་དངོས་སོགས་ཤུགས་ཆེ་བེད་སྤྱོད་བྱེད་པའི་དུས་སྐབས་ཤིག་ཆགས་ཡོད་སྟབས་ནང་པའི་དཔལ་འབྱོར་རིག་པ་ཞེས་པ་ཞིག་དགོས་ཀྱི་ཡོད་སྐོར་དང་མི་རྣམས་ཀྱི་འདོད་རྔམ་ཆུང་དུ་གཏོང་ཆེད་ག་ཚོད་ཀྱི་ཉུང་བ་བེད་སྤྱོད་བཏང་ན་ཡག་ག་ཡོད་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད་ ༸གོང་ས་མཆོག་གིས་ཚན་རིག་པ་དང་བགྲོ་གླེང་གནང་པའི་ལས་དོན་དེ་ཚན་རིག་པ་ཚོས་ནང་པའི་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་བྱེད་པའི་ཆེད་བགྲོ་གླེང་གནང་བ་ཞིག་མིན་ཞིང་ཚན་རིག་པར་ནང་པ་སངས་རྒྱས་པའི་ཚན་རིག་དང་སེམས་ཁམས་རིག་པ་སོགས་ངོ་སྤྲོད་གནང་ཆེད་གནང་བ་ཞིག་ཡིན་སྐོར་གསལ་བཤད་གནང་ཡོད་པ་རེད་ ཡང་༸གོང་ས་མཆོག་གིས་ཉི་ཧོང་གི་གཞོན་སྐྱེས་པ་རྣམས་ཀྱིས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱེལ་རྒྱུའི་ཐོག་བསམ་བློ་གཏོང་དགོས་པའི་སྐུལ་ལྕག་གནང་ཡོད་པ་རེད་ ༸གོང་ས་མཆོག་རེས་གཟའ་མིག་དམར་ཉིན་ཉི་ཧོང་གི་ཊ་ཀ་མ་ཚུ་ཞེས་པའི་གྲོང་ཁྱེར་དེར་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་རེད།