༸གོང་ས་མཆོག་གི་ཉི་ཧོང་དུ་གསར་འགོད་ལྷན་ཚོགས་སྐོར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གསར་འགོད་པ་༤༠ཙམ་འདུས་པའི་ཐོག་གསར་འགོད་ལྷན་ཚོགས་གནང་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་གེ་རེན་དྲི་པི་རིན་སི་མགྲོན་ཁང་ཆེན་མོའི་ནང་ཉི་ཧོང་གི་བརྙན་འཕྲིན་ལས་ཁང་དང་གསར་ཤོག། དུས་དེབ་ཆེ་ཁག་གི་གསར་འགོད་པ་༤༠ཙམ་འདུས་པའི་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་འདུག།

དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་བཏང་གནང་བར་གཞིགས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཉི་ཧོང་གི་གསར་འགོད་པ་ཚོར་འཚམས་འདྲི་གནང་བ་དང༌། ༧གོང་ས་མཆོག་ཉི་ཧོང་གི་ས་ཕྱོགས་ག་བར་ཕེབས་པ་ཡིན་ནས་ཉི་ཧོང་མི་མང་ཚོས་སྣེ་ལེན་དགའ་བསུ་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་གསུང་གནང་མཛད་པ་དང་ཆབས་ཅིག། གྲོང་ཁྱེར་ཧི་རོ་ཤི་མའི་ནང་ཉིན་གྲངས་གསུམ་རིང་ཚོགས་གནང་བའི་འཛམ་གླིང་གི་ནོ་བེལ་ཞི་བདེའི་དེད་དཔོན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༡པ་དེ་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པར་ཐུགས་དགྱེས་མཚོར་ཆེན་པོ་གནང་བཞག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཚོར་ཐུགས་འགན་ཆེན་པོ་གསུམ་བཞེས་ཀྱི་ཡོད་པའི་སྐོར་བཀའ་གནང་བའི་རྗེས། གསར་འགོད་པའི་དྲི་བར་བཀའ་ལན་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་ཡག་གི་བརྒྱུད་ལམ་དེ་རྒྱ་སྐད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་འཆར་གཞིར་ཉེ་ཆར་བོད་ནང་སློབ་ཕྲུག་མང་པོ་ཞིག་གིས་དེ་ལྟར་མི་ཡོང་བའི་རེ་འབོད་རྔམ་སྟོན་བྱས་པའི་གནད་དོན་ཐད་གསར་འགོད་པའི་དྲི་བར་༧གོང་ས་མཆོག་གིས་བཀའ་ལན་གནང་སྐབས་། དུས་ཚོད་གང་ཙམ་གྱི་གོང་ནས་༧གོང་ས་མཆོག་གིས་བོད་ནང་ཆེད་མངགས་དང་ཆེད་མངགས་མ་ཡིན་པའི་ལམ་ནས་བོད་པའི་རིག་གཞུང་རྩ་མེད་འགྲོ་བཞིན་ཡོད་པའི་བཀའ་མོལ་གསུངས་ཡོད་སྐོར་བཀའ་གནང་སྟེ། ཆེད་མངགས་མ་ཡིན་པའི་སྒོ་ནས་བོད་པའི་རིག་གཞུང་རྩ་མེད་འགྲོ་སྟངས་དེ་ གྲོང་ཁྱེར་ལྷ་སའི་ནང་གི་མི་འབོར་གསུམ་ཆ་གཉིས་རྒྱ་ཧན་མི་རིགས་ཆགས་ཡོད་དུས་ལྷ་སའི་ནང་གི་ཚོང་ཁང་དང་ཟ་ཁང༌། ལས་ཁུངས་ཚང་བའི་ནང་རྒྱ་སྐད་བེད་སྤྱོད་ཤུགས་ཆེ་བ་བཏང་གི་ཡོད་པར་བརྟེན། གལ་ཏེ་རྒྱ་སྐད་མ་རྒྱབ་པ་ཡིན་ན་བོད་མི་ཚོར་ལས་ཀ་ཐོབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་དེ་ནི་ཆེད་མངགས་མ་ཡིན་པའི་ཐོག་ནས་བོད་པའི་གོམ་གཤིས་དང་རིག་གཞུང་རིམ་པས་རྩ་བརླགས་སུ་འགྲོ་གི་ཡོད་སྐོར་བཀའ་གནང་འདུག།

དེ་ནས་ཁྲེན་ཀུ་ཡེན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་པ་ནས་བཟུང༌། ༧གོང་ས་མཆོག་གིས་མཁྱེན་རྟོགས་བྱུང་ཡག་ལ། སློབ་གྲྭ་ཆེ་བའི་ནང་བོད་ཡིག་གི་སློབ་དེབ་ཚབ་ལ་རྒྱ་སྐད་སློབ་དེབ་བེད་སྤྱོད་གཏོང་འགོ་བཙུགས་ཡོད་པ་མ་ཟད། དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཁྲེན་ཀུ་ཡེན་གྱིས་མེད་རྒྱལ་གོང་བུ་གཅིག་སྒྱུར་ལ་འགོག་རྐྱེན་བཟོ་མཁན་བོད་པའི་སྐད་ཡིག་དེ་མེད་པ་བཟོ་དགོས་ཀྱི་འདུག་ཅེས་ཁ་གསང་པོའི་ཐོག་ནས་ལབ་པ་༧གོང་ས་མཆོག་གིས་གསན་འཐོས་བྱུང་ཡོད་པ་དང༌། སྲིད་བྱུས་དེ་ནི་རྒྱ་གཞུང་གིས་ཆེད་མངགས་བོད་པའི་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཤེས་འཛིན་གྱི་ཡོད་ཙང༌། བོད་ནང་གི་མང་ཚོགས་དང་སློབ་ཕྲུག་ཚོས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཞིག་རེད་ཅེས་ཉི་ཧོང་གི་གསར་འགོད་པ་ཚོར་བཀའ་གནང་བཞག།

༧གོང་ས་མཆོག་སང་ཉིན་གྲོང་ཁྱེར་ཧི་རོ་ཤི་མ་ནས་རྒྱལ་ས་ཀྲོཀ་ཡོའི་ཕྱོགས་སུ་ཕེབས་ཐོན་གྱིས་། གནམ་ཐོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཆིབས་ཁ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org