༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་རྒྱུ།
༸གོང་ས་མཆོག་ལ་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་འཆར་ཡོད་འདུག
-
2009-09-05 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ཉི་ཤུ་གསུམ་ཉིན་ཨ་མི་རི་ཀའི་ལྷོ་ཤར་མངའ་སྡེ་ཀྲེ་ནེ་སིའི་གྲོང་ཁྱེར་མེམ་ཕི་སིར་ཡོད་པའི་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་བཞེས་གྲུབ་པའི་རྗེས་ཨ་རིའི་ཇེ་ཛི་དང་པོབ་རོལ་དབྱངས་ལ་མཁས་པའི་གཞས་པ་གྲགས་ཅན་ནེ་ཏ་ལི་ཁོལ་གྱི་རོལ་དབྱངས་འདུ་ཚོགས་དབུ་འབྱེད་གནང་རྒྱུ་ཡིན་འདུག
ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་མེམ་ཕི་སི་ནང་གོང་ཞུས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གྲུབ་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་ནང་གི་ཁེ་ནེན་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་ཁང་དུ་ཞི་བདེའི་མཉམ་མཐུན་གོང་འཕེལ་གཏོང་ཐབས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་འདུག
ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ལོ་སི་ཨེན་ཇེ་ལེ་སི་ནང་རྟེན་གཞི་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཡོད་པའི་ཏཱ་ལའི་བླ་མ་ཐེབས་རྩ་ཁང་དང་བོད་དོན་བརྒྱ་ཚོགས་གཉིས་ཟུང་འབྲེལ་གྱི་ལས་འཆར་མི་སིང་པི་སི་པོ་རོ་ཇེཀ་ཏི་ཞེས་པས་གོང་ཞུས་གྲོང་ཁྱེར་མེམ་ཕི་སི་ནང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་མཛད་འཆར་དང་རོལ་དབྱངས་འདུ་ཚོགས་གཉིས་གོ་སྒྲིག་གནང་གི་ཡོད་པ་རེད།
བོད་ཀྱི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་གནང་མཁན་བོད་དོན་བརྒྱ་ཚོགས་ཀྱི་ཚོགས་མི་དང་མི་སིང་པི་སི་ཞེས་པའི་ལས་འཆར་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་ཡིན་པ་ཌའར་ལིན་མར་ཀོ་ལྦིཆི་ཡིས་རྒྱལ་རབས་དང་རོལ་དབྱངས་ལོ་རྒྱུས་ཕྱུག་པོ་ཡོད་པའི་གལ་ཆེའི་གྲོང་ཁྱེར་མེམ་ཕི་སི་ནང་དམིགས་བསལ་མཛད་རིམ་འདི་ལྟ་བུ་གོ་སྒྲིག་ཞུ་རྒྱུར་སྤོབ་པ་ཡོད་ཅེས་འགྲེལ་བརྗོད་གནང་བཞག
བོད་ཀྱི་གླིང་བུའི་སྒྱུ་རྩལ་ལ་མཁས་པ་ངག་དབང་མཁས་མཆོག་ལགས་དང་སུད་སི་ནང་གཏན་ཞུགས་བློ་བསྟན་རྣམ་གླིང་ལགས་གཉིས་ཀྱིས་རོལ་དབྱངས་ཕུལ་བའི་ཐོག་ནས་ཁེ་ནེན་ལྟེ་གནས་ཁང་དུ་༸གོང་ས་མཆོག་གིས་གསུང་བཤད་གནང་རྒྱུའི་མཛད་རིམ་དབུ་འཛུགས་ཞུ་རྒྱུ་རེད་འདུག།