༸གོང་ས་མཆོག་ཕེརན་སི་ཡུལ་དུ་འཚམས་འདྲི་གནང་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་བཅིུག་རིང་ཕེརན་སི་ཡུལ་གྱི་ནང་འཚམས་འདྲི་འགོ་བཙུགས་གནང་རྒྱུ་ཡིན་པ་རེད།

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༢ ནས་༢༣ བར་ཉིན་གྲངས་༡༡རིང་ཕེརན་སི་ཡུལ་གྱི་ནང་འཚམས་འདྲི་འགོ་བཙུགས་གནང་རྒྱུ་ཡིན་པ་དང༌། ༸གོང་ས་མཆོག་གི་ཕེརན་སི་ནང་གི་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་རྣམས་ལོ་གཉིས་ཀྱི་གོང་ནས་གོ་སྒྲིག་གནང་བ་ཞིག་ཡིན་ནའང་བར་ལམ་ཕྱི་ཟླ་གསུམ་པའི་ཚེས་༡༠ ནས་བོད་ཆོལ་ཁ་གསུམ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བར་རྒྱ་ ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཏུ་ཚོགས་བཞིན་པའི་ཨོ་ལིམ་པིག་རྩེད་འགྲན་ལ་ཁོང་ཁྲོའི་སྐྱོན་བརྗོད་དྲག་པོ་བྱེད་པ་མ་ཟད། ཕེརན་སིའི་སྲིད་འཛིན་མཆོག་ནས་ཀྱང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་རྒྱུ་མིན་པའི་བཀའ་མོལ་ཤུགས་ཆེན་པོ་གསུངས་པ་དང༌། ཕེརན་སི་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་དང་བོད་མི་ཚོས་སྲིད་འཛོན་མཆོག་རྒྱ་ནག་གི་ཨོ་ལིམ་པིག་མཛད་སྒོ་གྲུབ་སྟེ་ཕྱིར་ལོག་གནང་བའི་སྐབས་༸གོང་ས་མཆོག་ངེས་པར་དུ་མཇལ་འཕྲད་ཞུ་དགོས་པའི་གནོན་ཤུགས་སོགས་ཀྱི་རྐྱེན་པས་༸གོང་ས་མཆོག་གི་ཕེ་རན་སི་ནང་གི་ཆིབས་བསྒྱུར་ཐད་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་བྱུང་བ་མ་ཟད། ཕེརན་སིའི་རྒྱལ་ས་པེ་རི་སི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕེརན་སིའི་སྲིད་འཛིན་གྱིས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་ཡིན་ཚེ་རྒྱ་ནག་དང་ཕེརན་སི་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ལ་ཚབས་ཆེའི་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པའི་ཉེབ་བརྡ་གཏོང་བཞིན་ཡོད་པ་རེད། དེར་བརྟེན་རེས་གཟའ་ཕུར་བུའི་ཉིན་ཕེ་རན་སིའི་དབུ་ཁྲིད་ཀྱི་ལས་ཁུངས་ནས་མཐའ་མའི་གསལ་བསྒྲགས་གནང་སྟེ་སྲིད་འཛིན་སར་ཀོ་ཛི་༸གོང་ས་མཆོག་མཇལ་རྒྱུ་མིན་པ་དང་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐག་གཅོད་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་༢༥༠ ཙམ་དང་མཇལ་འཕྲད་གནང་རྒྱུ་དེ་རྗེས་ཕེ་རན་སི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལ་མཇལ་འཕྲད་ཀྱིས་བཀའ་སློབ་གནང་རྒྱུ་དང་དེའི་ཁྲོད་ཀྱི་མཛད་འཆར་ཁག་མང་ཆེ་བ་ཆོས་འབྲེལ་བསྐྱང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org