༸གོང་ས་མཆོག་དང་ཀླད་ཁམས་ཚན་རིག་པའི་བགྲོ་གླེང་གནང་རྒྱུ།
༸གོང་ས་མཆོག་དང་ཀླད་ཁམས་ཚན་རིག་པ་ཁག་ཅིག་དབར་སེམས་ཀྱི་བཟང་པོའི་ཡོན་ཏན་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་བགྲོ་གླེང་།
-
2010-05-15 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་མི་རི་ཀའི་མངའ་སྡེ་ཨིན་ཌ་ཡ་ནའི་ནང་གི་མཛད་འཆར་ཁག་ཕྱི་ཟླ་༥པའི་ཚེས་༡༤ཉིན་ལེགས་གྲུབ་ཟིན་པ་དང་ དེ་ཕྱོགས་སུ་དད་ལྡན་པ་སྟོང་ཚོ་འགའ་ཤས་ལ་འཕགས་པ་ཤེས་རབ་སྙིང་པོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཅིང་ ཡང་དོན་གཉེར་ཅན་ཁྲི་ཚོ་བརྒལ་བར་བླང་དོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད་ལ་ ནང་པ་དང་ཁ་ཆེའི་ཆོས་ལུགས་དབར་གྱི་མཐུན་བསྒྲིལ་གོང་སྤེལ་གྱི་མཛད་སྒོའི་དབུ་མགོན་དུ་ཚོགས་བཞུགས་བསྐྱངས་གནང་མཛད་ཡོད་པ་རེད།
ཕྱི་ཟླ་༥པའི་ཚེས་༡༦ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ལྦིསི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌི་སོན་དུ་ཡོད་པའི་ལྦིསི་ཀོན་སིན་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཀླད་ཁམས་ཚན་རིག་པ་གྲགས་ཅན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་མཁས་དབང་སྐུ་ཞབས་རི་ཆརཌ་ཌེ་ལྦིདྲི་སོན་གཙོས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་སེམས་ཀྱི་བཟང་པོའི་ཡོན་ཏན་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་བགྲོ་གླེང་གི་ནང་ཚོགས་ཞུགས་གནང་རྒྱུ་ཡིན་པ་རེད།
མཁས་དབང་རི་ཆརཌ་ཌེ་ལྦིདྲི་སོན་ནི་ཕྱི་ལོ་༡༩༩༢ལོ་ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པའི་སེམས་དང་སྲོག་ཅེས་པའི་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་གི་ཚོགས་འདུའི་ཐོག་ལན་མང་བཅར་མྱོང་མཁན་ཞིག་ཡིན་ལ་ སྐབས་ཤིག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ སེམས་ཁམས་དང་ཀླད་ཁམས་ཚན་རིག་པ་ཚོས་རྒྱུན་དུ་ཞུམ་པའི་སེམས་དང་ དངངས་སྐྲགས་ དེ་བཞིན་འཇིགས་སྣང་སོགས་སེམས་ཀྱི་སྐྱོན་ཆའི་རིགས་ལ་དཔྱད་ཞིབ་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་ སེམས་ཀྱི་བདེ་སྐྱིད་དང་བྱམས་པ་ སྙིང་རྗེ་སོགས་སེམས་ཀྱི་བཟང་པོའི་ཡོན་ཏན་ཁག་ལ་དཔྱད་ཞིབ་མི་བྱེད་པའི་རྒྱུ་མཚན་གང་ཡིན་དྭོགས་དྲི་གནང་པ་ནས་བཟུང་ མཁས་དབང་སྐུ་ཞབས་ རི་ཆརཌ་སོན་གྱིས་ སྒོམ་གྱི་ཐོག་ནས་སེམས་ལ་ཤུགས་རྐྱེན་ཇི་ཆགས་ཀྱི་ཐད་ཞིབ་འཇུག་གཏིང་གཟབ་གནང་ཡོད་པར་མ་ཟད་ ཞི་གནས་ཀྱི་སྒོམ་དང་ལྷག་པར་དུ་དཔྱད་སྒོམ་གྱི་ཐོག་ནས་མིའི་སེམས་ཀྱི་སྙིང་རྗེ་དང་བྱམས་པ་དང་ དེ་བཞིན་དྲན་པའི་ནུས་པ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད་ལ་ དེ་སྔོན་ཁོང་གི་དཔྱད་ཞིབ་ལ་དྭོགས་པ་བྱེད་མཁན་གྱི་ཚན་རིག་པ་མང་པོ་ཞིག་གིས་ད་ཆ་ཁོང་གི་དཔྱད་ཞིབ་ཀྱི་གྲུབ་ཐོ་དེ་དག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག།
སྐུ་ཞབས་རི་ཆརཌ་སོན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཆོས་ལུགས་ཀྱི་དབུ་འཁྲིད་ཅིག་ནས་ཚན་རིག་པའི་དཔྱད་ཞིབ་ལ་ཚད་མཐོའི་གདེངས་འཇོག་གནང་བཞིན་པ་དེ་ནི་ཐོུང་མ་ཡིན་པ་ཞིག་ཡིན་པ་ལན་མང་གསུངས་ཡོད་པ་རེད།།