༸གོང་ས་མཆོག་ནས་མོན་རྟ་དབང་དུ་གསུང་ཆོས།

༸གོང་ས་མཆོག་ནས་མོན་རྟ་དབང་ཁུལ་དུ་དེ་རིང་ཉིན་གཉིས་པའི་གསུང་ཆོས་ཀྱི་མཛད་འཕྲིན་བསྐྱང་གནང་ཡོད་པ་རེད།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དང་ས་མཚམས་ས་འབྲེལ་འཁེལ་བའི་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཞབས་སོར་འཁོད་པའི་རྗེས་རེས་གཟའ་ཟླ་བ་ནས་གསུང་ཆོས་དབུ་ཚུགས་གནང་སྟེ་དེ་རིང་ཉིན་གཉིས་པའི་གསུང་ཆོས་ཀྱི་མཛད་འཕྲིན་བསྐྱང་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་བརྒྱད་ཉིན་རྟ་དབང་ཁུལ་དུ་ཞབས་སོར་འཁོད་དེ་གཟའ་འཁོར་གཅིག་རིང་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱང་གནང་རྒྱུའི་མཛད་འཆར་ཡོད་ཅིང་དེ་རིང་ཉིན་གཉིས་པའི་གསུང་ཆོས་ཞུ་བར་དད་ལྡན་ཆོས་ཞུ་བ་མི་དམངས་སྟོང་ཚོ་བརྒལ་བ་འདུ་འཛོམས་ཐོག་བོད་མི་ནང་པ་བ་རྣམས་ད་ལྟའི་དུས་སྐབས་དེར་དཀའ་ཚེགས་ཆེ་བའི་སྒང་གནས་བཞིན་ཡོད་པ་ལྟར་བོད་མིའི་ཐོུང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་རྣམས་ཀྱང་དཀའ་ཚེགས་ཆེ་བའི་དུས་བབ་དེའི་འོག་འཚོ་གནས་ཐུབ་ཐབས་ཀྱི་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པའི་མཛད་འཆར་ཐོན་པ་ནས་བཟུང་རྣོ་ངར་ཆེ་བའི་ངོ་རྒོལ་ཞུས་ཡོད་པ་མ་ཟད་དེ་རིང་རྒྱ་ནག་གཞུང་གིས་བསྐྱར་དུ་ཏཱ་ལའི་བླ་མ་ཨ་རུ་ན་ཅཱལ་མངའ་སྡེའི་ཁུལ་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་བ་བརྒྱུད་རྒྱ་ནག་ཁ་བྲལ་གཏོང་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་ཞུས་པའི་ཁར་ད་དུང་རྒྱ་གར་གཞུང་གིས་རྩོད་གཞིའི་ས་ཁུལ་དུ་ཏཱ་ལའི་བླ་མ་ཕེབས་སུ་བཅུག་པའི་གནང་ཕྱོགས་ཐོག་ལའང་རྩ་བ་ནས་འདོད་པ་མེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཞབས་སོར་འཁོད་པའི་སྐབས་མགོན་པོ་གང་ཉིད་ད་རེས་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་བ་དེ་ཡི་མཛད་འཆར་ཁག་ཆོས་འབྲེལ་ཁོ་ན་ལས་ཆབ་སྲིད་མིན་པ་གསལ་བཤད་གནང་ཡོད་པ་དང་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་སྐྱོན་བརྗོད་དང་ཉེན་བརྡའི་འཇིགས་སྐུལ་ཁག་དང་ལེན་མ་གནང་བར་༸གོང་ས་ཏཱ་ལའི་བླ་མ་ནི་མི་ལོ་ལྔ་བཅུ་ཙམ་རྒྱ་གར་ནང་དུ་བཞུགས་པ་དང་རྒྱ་གར་གྱི་ས་ཆ་གང་དུ་ཆིབས་བསྒྱུར་གནང་ཡང་རང་དབང་ཡིན་པ་མུ་མཐུད་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་ཀྱང་རྒྱ་གར་གཞུང་གིས་༸གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་ཉིན་རེའི་མཛད་འཆར་གྱི་གནས་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་ཁག་ཐོག་གཏོང་སྤེལ་བྱ་རྒྱུར་དོགས་ཟོན་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org