༸གོང་ས་མཆོག་ནས་འབར་མའི་དྲག་པོའི་གཞུང་ལ་འབོད་སྐུལ།

༸གོང་ས་མཆོག་གིས་འབར་མའི་དྲག་པོའི་གཞུང་ལ་ལྕམ་ཨང་སང་སུ་ཅི་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་དྲག་པོའི་སྲིད་གཞུང་ལ་ལྕམ་ཨང་སང་སུ་ཅི་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཕ་ཡུལ་དྲ་གནས་ནང་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་དྲག་པོའི་གཞུང་ལ་འབོད་སྐུལ་གྱི་ཕྱག་བྲིས་ཤིག་སྤྱི་བསྒྲགས་གནང་ཡོད་པའི་ནང་ལྕམ་ཨང་སན་སུ་ཅིའི་ཐོག་བཟང་བཙོན་གྱི་དུས་ཚོས་ནར་འགྱངས་བཏང་བའི་ཁྲིམས་བཅད་དེར་ཐུགས་ཕམ་ཆེན་པོ་བྱུང༌།ནང་པའི་ཆོས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་སླར་ཡང་འབར་མའི་གཞུང་གི་གནད་ཡོད་ཚོར་དགོངས་པ་གུ་ཡངས་བཞེས་པའི་ཐོག་ནས་ཁོང་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ལ་དེ་ནི་ཚང་མ་ཟླ་བསྒྲིལ་ཡོང་ཐབས་སུ་ཕན་ཐོགས་ཡོང་གི་རེད་ལ་དེས་བཟང་སྤྱོད་ཀྱི་བྱ་བ་ཞིག་ཀྱང་ཆགས་རྒྱུ་ཡིན་ལུགས་འབོད་སྐུལ་གནང་ཡོད་འདུག

འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུ་ཅི་མཆོག་འདས་པའི་ལོ་ངོ་ཉི་ཤུའི་རིང་སྐབས་རེ་བཟང་བཙོན་དང་སྐབས་རེ་བཙོན་བཅུག་བྱས་པའི་འོག་དྲག་པོའི་སྲིད་གཞུང་ནས་དམ་བསྒྲགས་བྱས་དང་བྱེད་བཞིན་པའི་ཁར་ཉེ་ཆར་བཟང་བཙོན་འོག་ཡོད་མུས་སུ་ཨ་རི་བ་ཞིག་ཁོང་གི་གཟིམ་ཤག་ཏུ་གློ་བུར་འཛུལ་ནས་ཉིན་གྲངས་གཉིས་ཙམ་རིང་བསྡད་པའི་ཉེས་བཙུགས་འོག་ཁྲིམས་བཤེར་གྱིས་ལོ་དུས་ནར་འགྱངས་བཏང་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་རྒྱལ་སྤྱིའི་ཐོག་ནས་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་འབར་མའི་གཞུང་གིས་ཡ་ལན་སྤྲད་ཀྱི་མེད་པ་རེད། ལྷག་པར་དུ་ད་རེས་སླར་ཡང་ཁོང་གི་བཙོན་དུས་ནར་འགྱངས་བཏང་བའི་ཁྲིམས་བཅད་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་ཨ་རིའི་སྲིད་འཛིན་དེ་བཞིན་འཛམ་གླིང་གི་ཡུལ་གྲུ་ཁག་ཅིག་གི་དབུ་འཁྲིད་མང་པོས་སྐྱོན་བརྗོད་བྱས་ཡོད་ཀྱང་རྒྱ་ནག་གཞུང་ནས་དེ་ལས་བཟློག་ཏེ་ཁྲིམས་ཁང་གི་ཐག་ཆོད་དེ་ནི་ཡང་དག་པ་ཞིག་ཡིན་པའི་རྒྱབ་སྐྱོར་བྱས་པ་ཙམ་མ་ཟད་རྒྱལ་སྤྱིའི་ངོས་ནས་ཀྱང་འབར་མའི་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་ཐག་གཅོད་བྱས་པ་དེར་བརྩི་སྲུང་བྱེད་དགོས་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མས་གཏམ་བཤད་སྤེལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org