རྒྱ་གར་གྱི་མི་འབོར་གྲངས་བཤེར་ནང་བོད་མི་ཐོ་འགོད་གནང་རྒྱུ།
རྒྱ་གར་གྱི་མི་འབོར་གྲངས་བཤེར་ནང་བཙན་བྱོལ་ཁུལ་གྱི་བོད་མི་ཚོའི་མིང་གཞུང་ཐོ་འགོད་གནང་རྒྱུ་རེད་འདུག།
-
2010-05-08 -
-
-
༄༅༎སྤྱི་ཚེས་༨ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་གར་གྱི་མི་འབོར་གྲངས་བཤེར་གྱི་ལས་བྱེད་པ་སྦི་ཨར་ཆོའོ་ཧན་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་དུ་སྐུ་བཅར་ཞུས་ཡོད་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཞུགས་གདན་འཇགས་ཡོད་པ་དང༌། རྒྱ་གར་གྱི་༢༠༡༡ལོའི་མི་འབོར་གྲངས་བཤེར་ནང་༧གོང་ས་མཆོག་གི་མཚན་ཐོ་བཀོད་གནང་རྒྱུ་བྱུང་བ་དེར་ཐུགས་དགྱེས་འཚོར་ཆེན་པོ་བྱུང་ཞེས་བཀའ་གནང་སྟེ། མི་འབོར་གྲངས་བཤེར་གྱི་འགེངས་ཤོག་ཐོག་མཚན་རྟགས་གནང་ཡོད་པའི་སྐོར་ རྒྱ་གར་གྱི་མི་འབོར་གྲངས་བཤེར་ལས་བྱེད་པ་སྦི་ཨར་ཆོའོ་ཧན་ཡིས་འགྲེལ་བརྗོད་གནང་བཞག རྒྱ་གར་དབུས་གཞུང་གིས་རྒྱ་གར་གྱི་ཆབ་འབངས་སུ་གཏོགས་པའི་ཡུལ་མི་ཚོར་དམིགས་བསལ་ངོ་སྤྲོད་ལག་འཁྱེར་གནང་རྒྱུ་ཡིན་པ་དེ་ བོད་མི་ཚོར་ཡང་སྤྱི་མཚུངས་ལྟར་ཐོབ་རྒྱུའི་ཆེད་ བཙན་བྱོལ་གནས་འཁོད་བོད་མི་ཡོངས་ནས་རྒྱ་གར་གྱི་མི་འབོར་གྲངས་བཤེར་གྱི་འགེངས་ཤོག་ཐོག་མིང་རྟགས་འགོད་རྒྱུ་ཡིན་པའི་༧གོང་ས་མཆོག་གི་བཀའ་བཞེས་བཟང་པོ་ཐོབ་བྱུང་ཞེས་རྒྱ་གར་མི་འབོར་གྲངས་བཤེར་གྱི་ལས་བྱེད་པ་སྦི་ཨར་ཆོའོ་ཧན་གྱིས་འགྲེལ་བརྗོད་གནང་བ་ཞིག་ཨེ་ཨེན་ཨའེ་གསར་ལས་ཁང་གིས་ལུང་འདྲེན་བྱས་བཞག
དེ་བཞིན་གོང་ཞུས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དེས་གནས་ཚུལ་སྤེལ་བའི་ནང༌རྒྱ་གར་གྱི་མི་འབོར་གྲངས་བཤེར་གྱི་ཐོ་གཞུང་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་འཁོད་པ་དེས་རྒྱ་གར་ནང་ཁྲིམས་མཐུན་གྱི་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་གྱི་ཐོ་གཞུང་ནང་ཚུད་རྒྱུ་ཡིན་ཞིང་དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་ནང་བོད་མི་སྐྱབས་བཅོལ་བ་གྲངས་བཤེར་གནང་བ་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་༎