སའི་གོ་ལ་ལྗང་ཁུ་ཚོགས་པས་བོད་དོན་ཆེད་གྲོས་ཆོད་བཞག་པ།

སའི་གོ་ལ་ལྗང་ཁུ་ཚོགས་པའི་ལྷན་ཚོགས་སྐབས་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་པའི་གནས་ཚུལ་ཐོན་འདུག་།

༄༅༎སའི་གོ་ལ་ལྗང་ཁུ་ཚོགས་པ་ཞེས་འཁོར་ཡུག་སྲུང་སྐྱོབས་ཚོགས་པས་ལྷན་ཚོགས་ཐེངས་གཉིས་པའི་སྐབས་ བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་པའི་གནས་ཚུལ་ཐོན་འདུག་།

སའི་གོ་ལའི་ལྗང་ཁུ་ཚོགས་པའི་ལྷན་ཚོགས་ཐེངས་གཉིས་པ་དེ་བཞིན་ཉེ་སྔོན་ སྦེ་རེ་ཛིལ་ གྱི་གྲོང་ཁྱེར་ སའོ་པའོ་ལཱོ་ རུ་སྐོང་ཚོགས་གནང་ཡོད་པ་དང་ ལྷན་ཚོགས་འདིའི་ཐོག་འཇར་མ་ནི་ དང་ ཨོསོ་ཀྲོ་ལི་ཡ། ཁེ་ན་ཌ། སྦེལ་ཇིཡེམ། ཕཱ་རེན་སི། ནིའུ་ཛི་ལཱེན་བཅས་རྒྱལ་ཁབ་ཁག་གི་ལྗང་ཁུ་ཚོགས་པའི་དབུ་འཁྲིད་དང་ དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འཁྲིད་བཅས་ཁྱོན་རྒྱལ་ཁབ་༨༠ནས་ལྗང་ཁུ་ཚོགས་པ་དང་ དེ་བཞིན་གཞུང་འབྲེལ་གྱི་ལས་དོན་སྐུ་ཚབ་པ་ཆེད་བཅར་ཞུས་ཡོད་པ་རེད་ གོང་གསལ་འཁོར་ཡུག་སྲུང་སྐྱོབས་ཚོགས་པའི་ལྷན་ཚོགས་འདིའི་ཐོག་འཇར་མ་ནི་དང་ཕཱ་རེན་སི། ཐེ་ཝན་བཅས་ཀྱི་ལྗང་ཁུ་ཚོགས་པའི་སྐུ་ཚབ་རྣམས་ནས་ བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་གཞི་སྟོན་སྟེ་ ལྷན་ཚོགས་ཀྱི་ཉིན་མཐའ་མར་མང་མོས་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་པ་རེད་ གྲོས་ཆོད་དེའི་ནང་ བོད་ནང་བོད་མིའི་ཞི་རྒོལ་གྱི་ཐོག་ལ་རྒྱ་ནག་གཞུང་གི་ཆེད་དྲག་གནོན་གྱི་བྱ་སྤྱོད་དང་ དེ་བཞིན་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཡུ་གུར་མི་རིགས་རྣམས་རྒྱ་ཁོངས་སུ་འགྱུར་ཐབས་བྱེད་པའི་སྲིད་ཇུས་ལ་བློ་འཚབ་དང་ ཡང་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་མཆོག་གིས་ལམ་དབུ་མའི་མཛད་ཇུས་འོག བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་བསྐྲུན་ཕྱིར་ བོད་རྒྱ་ཞི་མོལ་སྐྱར་གསོ་འབྱུང་ཐབས་ཀྱི་ལས་དོན་ལ་རྒྱབ་བསྐྱོར་ཞུས་པ་དང་ ཆབས་ཅིག་རྒྱ་ནག་གཞུང་གི་བཟང་ཕྱོགས་ཀྱི་རྣམ་པ་མཚོན་ཆེད་༧གོང་ས་ཏཱ་ལའི་བླ་མ་མཆོག་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་སྐབས་སྐུ་མགྲོན་དུ་གདན་ཞུ་གནང་དགོས་པའི་སྐོར་འཁོད་ཡོད་པ་རེད་ ཡང་ལྷན་ཚོགས་ཀྱི་ཉིན་མཐའ་མར་སའི་གོ་ལ་ལྗང་ཁུ་ལྷན་ཚོགས་ཐོག་ནས་ བཙན་བྱོལ་བོད་གཞུང་གི་དབུས་ཨ་མི་རི་ཀའི་འབྲེལ་འཐུད་པ་ཚེ་དབང་ཕུན་ཚོགས་ལགས་གདན་ཞུས་གནང་པ་དང་ ཚེ་དབང་ཕུན་ཚོགས་ལགས་ནས་བོད་ནང་བོད་མིའི་ཞི་རྒོལ་གྱི་བྱུང་རིམ་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གཏམ་བཤད་དང་ དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཛད་ཇུས་སྐོར་ངོ་སྤྲོད་གསལ་སྟོན་གནང་ཡོད་པརེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org