ཉིས་སྟོང་དགུ་ལོའི་ནོ་བེལ་དཔལ་འབྱོར་རིག་པའི་གཟེངས་རྟགས།
ཨ་མི་རི་ཀའི་དཔལ་འབྱོར་རིག་པ་བ་གཉིས་ལ་འདི་ལོའི་དཔལ་འབྱོར་རིག་པའི་ནོ་བེལ་གཟེངས་རྟགས་དེ་ཐོབ་གནང་ཡོད་པ་རེད།
-
2009-10-12 -
-
-
༄༅༎ཨ་མི་རི་ཀའི་དཔལ་འབྱོར་རིག་པ་བ་གཉིས་ལ་འདི་ལོའི་དཔལ་འབྱོར་རིག་པའི་ནོ་བེལ་གཟེངས་རྟགས་དེ་ཐོབ་གནང་ཡོད་པ་རེད།
ཕྱི་ལོ་ཉིས་སྟོང་དགུ་ལོའི་དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་དེ་ཨ་རི་བ་ཨེ་ལི་ནོར་ཨོ་སི་ཀྲོརོམ་དང་ཨོ་ལི་ལྦར་ལྦི་ལིཡེམ་སེན་རྣམ་གཉིས་ལ་དཔལ་འབྱོར་རིག་པའི་ནང་སྟངས་འཛིན་ཐོག་མཉམ་འབྲེལ་གནང་རྒྱུའི་གནད་དོན་ཐོག་བྱ་དགའ་དེ་ཐོབ་གནང་ཡོད་པ་རེད།
ཕྱི་ལོ་༡༩༦༩ལོ་ནས་དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་དེ་འབུལ་རྒྱུ་འགོ་འཛུགས་བྱས་པ་ནས་བཟུང་ལྕམ་ཨེ་ལི་ནོར་ཨོ་སི་ཀྲོརོམ་ནི་དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་ཐོབ་གནང་མཁན་གྱི་བུད་མེད་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ཁོང་ལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་ཁོང་གིས་སྤྱི་པའི་དངོས་པོ་སྟངས་འཛིན་བྱེད་ཕྱོགས་ཐོག་ཞིབ་འཇུག་གནང་བའི་གྲུབ་འབྲས་ཐོག་གཟེངས་རྟགས་དེ་ཐོབ་གནང་བ་ཞིག་ཡིན་པ་རེད། ཁོང་གིས་རྣམ་ཀུན་དུ་སྤྱི་པའི་དངོས་པོ་ཁག་བདག་གཉེར་གནང་རྒྱུ་དེ་ཡག་པོ་ཞིག་ཡོང་གི་མེད་པ་དང་དེ་དག་སྒེར་བདག་དང་དེ་མིན་སྒྲིག་འཛུགས་དང་ལྡན་པའི་ཐོག་སྟངས་འཛིན་བྱེད་དགོས་པའི་དགོངས་ཕྱོགས་དེར་ཁ་གཏེད་ཀྱི་ཞིབ་དཔྱ་གནང་ཡོད་པ་རེད། ཁོང་ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གཉེར་ཁང་ནང་དཔལ་འབྱོར་རིག་པའི་ཐོག་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་ཁོང་ལ་ད་ཐེངས་དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གྱི་གཟེངས་རྟགས་ཐོབ་གནང་བ་དེར་ཧང་སང་བ་དང་དགའ་ཚོར་གྱི་ཚོར་བ་ཡང་བྱུང་ཞེས་གསུངས་འདུག དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་ཐོབ་གནང་མཁན་གཞན་དེ་ཨ་རི་བ་སྐུ་ཞབས་ཨོ་ལི་ལྦར་ལྦི་ལི་ཡེམ་སེན་ཡིན་པ་རེད། ཁོང་གིས་ཀྱང་སྤྱི་པའི་དཔལ་འབྱོར་འཛིན་སྐྱོངས་གནང་ཕྱོགས་སྐོར་ཉམས་ཞིབ་གནང་བར་གཟེངས་རྟགས་དེ་ཐོབ་གནང་བ་ཞིག་ཡིན་པ་རེད། སྔ་ལོ་ཡང་དཔལ་འབྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་དེ་ཨ་རི་བ་སྐུ་ཞབས་པོལ་ཀུ་རུག་མེན་མཆོག་ལ་ཐོབ་གནང་ཡོད་པརེད། ཁོང་ནི་རྒྱལ་སྤྱིའི་ནང་མཚན་སྙན་ཆེ་བའི་ཨ་རིའི་ནིའུ་ཡོག་ཀྲའེམ་སེ་ཞེས་པའི་གསར་ཤོག་དེའི་ནང་རྩིམ་བྲིས་གནང་མཁན་ཞིག་དང་ཨ་མི་རི་ཀའི་གཞུང་ཕྱོགས་ཀྱི་དཔལ་འབྱོར་སྟངས་འཛིན་གནང་ཕྱོགས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་རེད།