༸གོང་ས་མཆོག་ནས་དམག་མིའི་མཐུན་ཚོགས་ལ་གསུང་འཕྲིན།
༸གོང་ས་མཆོག་གི་ཡོ་རོབ་བྱང་མའི་སྐུ་ཚབ་མཆོག་དབྱིན་ཡུལ་དམག་དཔུང་གི་ནང་པའི་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག་ཆེད་ཕེབས་གནང་འདུག
-
2009-05-19 -
-
-
༄༅༎ཕྱི་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་དབྱིན་ཇིའི་རྒྱལ་མོའི་དམག་དཔུང་གི་ནང་པའི་ཆོས་གནས་ནས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་དང་ཡོ་རོབ་བྱང་མའི་སྐུ་ཚབ་ཚེ་རིང་བཀྲ་ཤིས་ལགས་དབྱིན་ཡུལ་དམག་དཔུང་གི་ནང་པའི་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག་ཆེད་ཕེབས་གནང་འདུག་ལ་ཚོགས་འདུར་སྩལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཡང་ལྗགས་སྒྲོགས་གནང་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་གཞན་སྲུང་སྐྱོབ་ཀྱི་དོན་དུ་ཞབས་འདེབས་ཞུ་རྒྱུའི་གྲ་སྒྲིག་དང་བློ་སྤོབས་ཡོད་མཁན་ཚོར་རྟག་ཏུ་བསྔགས་བརྗོད་གནང་གི་ཡོད་ཅེས་དང་མང་པོའི་བསམ་པར་ལུས་པོའི་སྟོབས་ཤུགས་ནི་གལ་འགངས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ན་ཡང་དོན་དངོས་ས་མཚོ་གནམ་གསུམ་གྱི་དམག་མི་ཚད་ལྡན་ཞིག་གམ་གྲ་པ་སྤུས་གཙང་ཞིག་འབྱུང་རྒྱུའི་ཆ་རྐྱེན་གཙོ་བོ་ནི་ནང་སེམས་ཀྱི་སྙིང་སྟོབས་དེ་ཡིན་པ་དང་སྙིང་སྟོབས་དེ་ཡང་གཙོ་བོ་ཕན་སེམས་ཀྱི་ཀུན་སློང་ཡོད་མེད་ལ་རག་ལུས་པ་ཡིན་པ་བཀའ་གནང་འདུག
བཙན་བྱོལ་བོད་གཞུང་གི་ལོན་ཌོན་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ལ་ཚོགས་འདུའི་ཐོག་ཕེབས་མཁན་སྤྱི་དང་ལྷག་པར་དུ་ཆེས་མཐོའི་སྐུ་མགྲོན་ཚོས་དགའ་བསུ་ཆེན་པོ་ཞུས་འདུག་ལ་དབྱིན་ཇིའི་དམག་སྤྱི་ཨེན་ཌི་རུ་གེརེག་ག་རི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་གྱི་ནང་དོན་སྤྱི་དང་དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་སྙིང་སྟོབས་སྐོར་བཀའ་གནང་པ་དེར་ཐུགས་སྣང་ཆེན་པོ་གནང་ཡོད་འདུག
དབྱིན་ཇིའི་དམག་དཔུང་གི་ནང་པའི་མཐུན་ཚོགས་ཀྱི་ཚོགས་འདུ་དེའི་ཐོག་དབྱིན་ཇིའི་དམག་སྒར་འདྲ་མིན་གྱི་སྐུ་ཚབ་མི་སྣ་ལྔ་བཅུ་ཙམ་མཉམ་ཞུགས་གནང་འདུག་པ་དང་བོད་པའི་དགེ་འདུན་པ་ཁག་ཅིག་ནས་ཞལ་འདོན་བསྔོ་སྨོན་ཡང་གསུངས་ཡོད་འདུག།