གསུམ་བཅུའི་དུས་དྲན་ཉིན་བཀའ་ཤག་གི་གསུང་འཕྲིན།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་ཤག་གི་གསུངས་འཕྲིན་གནང་བ།
-
2011-03-10 -
-
-
༄༅༎རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ངོས་འཛིན་དང་རིག་གནས། སྐད་ཡིག་སོགས་སློབ་གྲྭ་ཁག་གི་ནང་སློབ་སྟོན་བརྒྱུད་ལམ་བཅོས་བསྒྱུར་བཏང་བའི་གནད་དོན་དེ་ནི་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡིན་ལུགས་བཀའ་ཤག་གི་གསུངས་འཕྲིན་ནང་བཀོད་གནང་ཡོད་འདུག
དེ་རིང་གསུམ་བཅུའི་དུས་དྲན་ཉིན་མོ་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུངས་འཕྲིན་གནང་བའི་ནང་། བོད་འདི་བཞིན་རྒྱ་མི་གུང་བྲན་སྲིད་གཞུང་ནས་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་གི་བོད་མི་ཚོ་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་ཡོད་པའི་ཁར་ཉེ་ཆར་ནས་བཟུང་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཆེད་དུ་དམིགས་ནས་ཉེས་མེད་ཉེས་བཙུགས་ཀྱིས་བཙོན་བཅུག་ཁྲིམས་ཆད་གཏོང་སྟངས་འདིས་བོད་ཀྱི་རིག་གཞུང་དང་ལེགས་སྦྱང་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ངེས་ཅན་ཡོད་པའི་དངོས་ར་འཕྲོད་ཡོད། དེ་བཞིན་བོད་མིའི་ངོས་འཛིན་དང་རིག་གནས་ཀྱི་རྟེན་གཞི་བོད་ཀྱི་སྐད་ཡིག་ཀྱང་སློབ་གྲྭ་ཁག་གི་སློབ་སྟོན་གྱི་བརྒྱུད་ལམ་མིན་པ་བཟོ་རྒྱུའི་འཆར་གཞི་དེའི་ཆ་ཤས་ཤིག་ཡིན་པ་ནི་སྨོས་མི་དགོས། གནས་བབ་འདི་འདྲའི་འོག་བོད་ནང་གི་བོད་མི་ཚོས་རང་གི་གཅེས་པའི་སྲོག་ལའང་འཛེམས་ཟོན་མེད་པར་བོད་ཀྱི་རིག་གནས་དང་སྐད་ཡིག་འཛིན་སྐྱོང་སྤེལ་བའི་ལས་དོན་ལ་ཧུར་བརྩོན་གནང་མཁན་གྱི་གཞིས་ཞུགས་བོད་རིགས་རྣམས་ནི་དམིགས་བསལ་བཀྲིན་རྗེས་དྲན་ཞུ་འོས་ཤིག་ཡིན་པས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཡང་བོད་ནང་ཡོད་པའི་བོད་མི་ཚོར་རྒྱ་རིགས་དང་གཞན་ཡང་མི་རིགས་གཞན་ཚོ་དང་མཉམ་མཐུན་སྒྲིལ་དམ་ཟབ་ངང་གནས་སྡོད་བྱེད་རྒྱུའི་འབོད་སྐུལ་ཡང་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་བཀའ་ཤག་གི་གསུངས་འཕྲིན་ནང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཚང་མ་འགྲུབ་ཐུབ་མེད་ཀྱང་གང་འཚམས་ཤིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ནས་ཞབས་འདེགས་གྲུབ་ཐུབ་པའང་བྱུང་ཡོད་ལུགས་གསུངས་ནས་གཞུང་ཞབས་ལས་བྱེད་དང་། ལྷག་པར་དུ་བོད་མི་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་འདུག མཐའ་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་བཀའ་གནང་བ་དེར་བོད་མིའི་སྤྱི་ཚོགས་གང་ས་ནས་དེ་འདྲའི་དགོངས་གཞི་མི་མཛད་པའི་གསོལ་འདེབས་ཞུས་པ་བཞིན་བཀའ་ཤག་ཐུན་མོང་གིས་ཀྱང་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་ཞུས་གནང་ཡོད་འདུག