པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་དམ་དྲག་བྱེད་འགོ་ཚུགས་འདུག

རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དྲག་གནོན་ཁྲོད་འདས་གྲོངས་སུ་གྱུར་བའི་གཉེན་ཉེ་ཚོར་གསར་འགོད་པར་སྐད་ཆ་བཤད་མི་ཆོག་པའི་བཀའ་བཏང་འདུག

རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་ཐོག་དྲག་གནོན་བྱས་སྐབས། ༦།༥།༡༩༨༩ AP

དེ་ཡང་༡༩༨༩ ལོར་སློབ་ཕྲུག་གིས་སྣེ་ཁྲིད་པའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གི་དམག་དཔུང་གིས་དྲག་གནོན་བྱས་ནས་མི་ལོ་༣༥་འཁོར་བའི་དུས་དྲན་སླེབས་ལ་ཉེ་བ་དང་། རྒྱ་ནག་གཞུང་གིས་སྐབས་དེར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་སྐབས་རྐྱེན་ལམ་དུ་བཏང་བའི་འདས་པོའི་གཉེན་ཉེ་སྤུན་མཆེད་ཚོར་གསར་འགོད་པར་སྐད་ཆ་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་བཞིན་སྐབས་དེར་དམངས་གཙོ་དོན་གཉེར་བ་ཚོས་སྤེལ་བའི་དམངས་གཙོའི་ལས་འགུལ་ནང་ཞུགས་མྱོང་བའི་གཞོན་སྐྱེས་ཚོའི་ཕ་མ་རྒན་གྲས་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུར་རྒྱལ་ཁབ་ཁྱོན་ཡོངས་ནང་དམག་དོན་གྱི་ལས་འགུལ་སྤེལ་ཡོད་ཅེས་བཤད་ཡོད་ལུགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་ཤེས་རྟོགས་བྱུང་འདུག

པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོགས་པའི་མགྲིན་ཚབ་པ་(You Weijie)ལགས། པར།
པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོགས་པའི་མགྲིན་ཚབ་པ་(You Weijie)་ཡིས་བརྗོད་དོན་ལྟར་ན། གནམ་བདེ་སྒོ་མོའི་ཨ་མ་ཚོགས་པ་གསར་འཛུགས་གནང་མཁན་(Zhang Xianling)་གི་བུ་ལོ་བཅུ་དགུ་ཅན་དེ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་ནང་རྐྱེན་ལམ་དུ་ཕྱིན་པར་བརྟེན། ད་རེས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་སྤེལ་ནས་མི་ལོ་༣༥་འཁོར་ལ་ཉེ་བའི་དུས་ཚིགས་དེའི་སྐབས་(Zhang) གི་ཁྱིམ་ཚང་གི་ཕྱི་ལོགས་སུ་བདེ་འཇགས་མི་སྣ་འགྲེམས་འཇོག་བྱས་ཡོད་པ་ལས་དེ་མིན་གོད་ཆག་ཕོག་སའི་ཁྱིམ་ཚང་ཕལ་མོ་ཆེའི་ཕྱི་ལོགས་སུ་བདེ་སྲུང་མི་སྣ་འགྲེམས་འཇོག་བྱས་མི་འདུག་ཅེས་དང་། ཡང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོགས་པའི་མགྲིན་ཚབ་པ་(You Weijie)་ཡིས་ཁོང་ཚོ་ཚང་མའི་ཁྱིམ་དུ་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་མི་ཆོག་པའི་བཀའ་བཏང་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཟླ་བ་དྲུག་པའི་ཚེས་བཞིའི་རྗེས་དྲན་ཉིན་མོ་སླེབས་ལ་ཉེ་བའི་དུས་ཚོད་འཁེལ་གྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་འདུག
སྤྱིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགག་པ་དང་སྐྱོན་བརྗོད་བྱས་མིན་ལ་མ་བལྟོས་པར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ནང་བདེ་འཇགས་བརྟན་བརླིང་སྲ་བརྟན་ཡོང་རྒྱུར་དམིགས་པ་ཡིན་ཁུལ་གྱིས་ཆབ་སྲིད་དང་འབྲེལ་བའི་གནད་འགག་གི་དུས་ཚིགས་སྐབས། རྒྱ་ནག་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོར་དཀའ་ངལ་བཟོ་མཁན་ཡིན་པར་དོགས་པ་བྱེད་སའི་མིའི་རིགས་ཀྱིས་ཕྱི་ཕྱོགས་སུ་སྐད་ཆ་བཤད་རྒྱུ་འམ་ཡང་ན་ལས་དོན་ག་རེ་བྱས་པ་ཡིན་ཡང་དེ་ཚོའི་ཐོག་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org