༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་བརྒྱ་དང་དགུ་འཁོར་བའི་དུས་དྲན་སྲུང་བརྩི།

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་བསྒྲགས་གནང་ནས་ལོ་ངོ་བརྒྱ་དང་དགུ་འཁོར་བའི་དུས་དྲན་བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་གང་སར་སྲུང་བརྩི་གནང་འདུག

ཆུ་གླང་རྩ་ཚིག་དང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག སྒྲིག་བཟོ།/File

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། དེ་སྔ་སྤྱི་ལོ་༡༩༡༣་ཟླ་བ་༢་པའི་ཚེས་༡༣་ཉིན་ཆུ་གླང་རྩ་ཚིག་བསྒྲགས་ནས་ད་བར་མི་ལོ་ཧྲིལ་བོ་༡༠༩་འཁོར་བའི་དུས་དྲན་དང་བསྟུན། རྒྱ་གར་རྡ་རམ་སཱ་ལ་གཙོས་ས་གནས་ཁག་མང་པོར་བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་རང་བཙན་གྱི་ཉིན་མོ་ཞེས་སྲུང་བརྩི་དང་གནང་ཡོད་པ་རེད། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༢་པའི་ཚེས་༡༣་ཉིན་བཞུགས་སྒར་དུ། ཆུ་གླང་རྩ་ཚིག་གི་རྒྱབ་ལྗོངས་ལོ་རྒྱུས་དང་རྩ་ཚིག་དོན་ཚན་ལྔ་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་པ་མ་ཟད། རྒྱ་ནག་མཱིང་དང་ཆིན་རྒྱལ་རབས་སོགས་གང་གི་སྐབས་སུའང་ལོ་རྒྱུས་ཐོག་བོད་རང་བཙན་གྱི་ངོ་བོར་གནས་ཐུབ་ཡོད་པ་སོགས། བོད་ཀྱི་དཔེ་མཛོད་ཁང་གི་མཁས་པ་ན་ག་སངས་རྒྱས་བསྟན་དར་ལགས་ནས་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་ཆུ་གླང་རྩ་ཚིག་དེ་རྒྱལ་སྤྱི་ལ་བསྒྲགས་མེད་ནའང་། དེས་༧གོང་ས་མཆོག་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པ་དང་། བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་གསལ་སྟོན་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡོངས་གྲགས་བོད་ཀྱི་སྲིད་དོན་རྒྱལ་རབས་སུ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ནས། “བོད་མི་རྣམས་ཀྱིས་རྩ་ཚིག་འདི་བོད་རང་དབང་རང་བཙན་ཡིན་པའི་གཞུང་ཐོག་ནས་དམིགས་བསལ་དྲིལ་བསྒྲགས་གནང་བར་ཆ་འཇོག་བྱེད་ཀྱི་ཡོད་”ཅེས་འཁོད་གནང་བར་བརྟེན། བཙན་བྱོལ་ནང་སྤྱི་ལོ་༢༠༡༣་ལོ་ནས་བོད་རང་བཙན་གསལ་བསྒྲགས་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཙམ་མ་ཟད། ལོ་ལྟར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཆུ་གླང་རྩ་ཚིག་བཀྲམས་པའི་དུས་ཚེས་འདི་བོད་རང་བཙན་གྱི་ཉི་མོར་སྲུང་བརྩི་གནང་གི་ཡོད་ནའང་། ཤུགས་རྐྱེན་ཆེ་བའི་མཁས་པ་ཁག་ཅིག་གིས་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་སུ་ངོས་འཛིན་གནང་ན། དེའི་སྔོན་བོད་རང་བཙན་མིན་པའི་གོ་ལོག་ཐེབས་ཉེན་ཆེ་བ་མ་ཟད། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཕྱོགས་བསྡུས་ཀྱི་ནང་“རྩ་ཚིག་ཆེན་མོའི་ནང་རང་བཙན་ཞེས་པའི་ཚིག་དེ་གང་དུའང་བཀོད་གནང་མེད་”ཅེས་གསུངས་ཡོད་པས། མཁས་པ་ན་ག་སངས་རྒྱས་བསྟན་དར་ལགས་ནས་རྩ་ཚིག་ནང་“རང་དབང་”གི་ཚིག་ཐོན་བསྡད་པ་དེ་རང་བཙན་ལ་སྦྱར་ན་མ་འགྲིག་པ་མེད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ནས། རྒྱ་ནག་གཞུང་གིས་བོད་རང་བཙན་མིན་པའི་འཁྱོག་བརྗོད་མང་དག་ཅིག་སྤེལ་བཞིན་པ་འགོག་ཐབས་དང་རྒྱ་ནག་གཞུང་ལ་ངོ་རྒོལ། བོད་རིགས་གཞོན་སྐྱེས་ཚོར་དྲན་སྐུལ་ཆེད་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་དང་ལོ་རྒྱུས་སྨྲ་བ་སྨན་ཤེར་བློ་གྲོས་ལགས་ནས། ཆུ་གླང་རྩ་ཚིག་དེ་ནི་བོད་དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་གསལ་བཤད་དང་། དོན་གྱིས་མཆོད་ཡོན་གྱི་འབྲེལ་བ་མཇུག་བསྡུས་པའི་གསལ་བསྒྲགས་ཤིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་བསྒྲགས་པའི་ཉིན་མོ་ནེའུ་ཡོག་དང་ཁེ་ཎ་ཌ་བཅས་ནས་ཀྱང་བགྲོ་གླེང་དང་དྲ་ཐོག་བགྲོ་གླེང་སོགས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་གནང་འདུག
ཆུ་གླང་རྩ་ཚིག་དོན་ཚན་དང་པོ། དགོན་སྡེ་ཁག་གི་མཆོད་རྒྱུན་འཛིན་སྤྲས་ལ་དོ་དམ་ལྷོད་མེད་གནང་དགོས་པ་དང་། དོན་ཚན་གཉིས་པ། དགེ་འདུན་པ་རྣམས་ཐོས་བསམ་སྒོམ་གསུམ་ལ་བརྩོན་ཞིང་། ཁས་བླངས་པའི་བཅའ་ཁྲིམས་སོགས་སྲུང་བརྩི་གང་ཆེ་དགོས་རྒྱུ། དོན་ཚན་གསུམ་པ། སྣེ་མོ་ལས་འཛིན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོན་དྲང་པོ་དགོས་པ་དང་། དོན་ཚན་བཞི་པ། ཚང་མས་རང་ས་རང་སྐྱོང་དང་རང་སྡེ་རང་སྲུང་གི་ཐབས་ཚུལ་ལ་ལྷག་བསམ་ཆེ་བསྐྱེད་དགོས་རྒྱུ། དོན་ཚན་ལྔ་པ། སྤྱི་ས་རི་ཀླུང་བེད་མེད་སྟོང་ལུས་ཇི་ཡོད་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ནས་ས་ཞིང་འདུལ་བ་སོགས་ལ་བཀག་འགོག་བྱ་མི་ཆོག་པ་བཅས་འཁོད་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་ཆུ་གླང་རྩ་ཚིག་སྤེལ་བའི་ཉི་མ་འདིར།ལོ་རེ་བཞིན་རྣམ་པ་འདྲ་མིན་གྱི་ལམ་ནས་བོད་རང་བཙན་གྱི་ཉིན་མོ་ལ་སྲུང་བརྩི་གནང་གི་ཡོད་པ་དང་།ད་ལོར་དྲན་འཆར་ཁྲོད་ཀྱི་བོད་ཅེས་སེམས་ནང་བོད་ཀྱི་རྣམ་པ་ཤར་སྒོམ་བྱེད་པའི་ལས་འགུལ་ཅིག་དང་།མཁས་པའི་གསུང་བཤད་བཅས་གོ་སྒྲིག་གནང་བར།བཞུགས་སྒར་ཁུལ་གྱི་མཁས་པ་དང་རྩོམ་བྲིས་པ།ལོ་རྒྱུས་སྨྲ་བ་དང་ལས་འགུལ་བ།གཞོན་སྐྱེས་དོན་གཉེར་ཅན་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org