ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་དགོས་བའི་གླེང་སློང་གནང་འདུག

རྒྱ་ནག་གཞུང་གིས་བོད་མི་ཚོ་བཙན་དབང་གི་ཐོག་ནས་ངལ་རྩོལ་བཀོལ་བཞིན་པའི་བྱ་སྤྱོད་མཚམས་འཇོག་ཡོང་སླད་ཨོསི་ཊརེ་ལི་ཡའི་བོད་དོན་ཚོགས་པས་འབོད་སྐུལ་གནང་འདུག་ལ་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་འདུག

ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ལགས། དྲ་བཤུས།

དེ་ཡང་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་ཚོགས་དུས་༤༧་པ་འཚོགས་བཞིན་པ་དང་བསྟུན། འདི་ཚེས་༢༢ཉིན་(Australia Tibet Council)་ཨོསི་ཊརེ་ལི་ཡའི་བོད་དོན་ཚོགས་པས་རྒྱ་ནག་གཞུང་གིས་བོད་མི་ཚོ་བཙན་དབང་གི་ཐོག་ནས་ངལ་རྩོལ་བཀོལ་བཞིན་པའི་བྱ་སྤྱོད་མཚམས་འཇོག་ཡོང་སླད་འབོད་སྐུལ་གསལ་བསྒྲགས་སྤེལ་ཡོད་པ་དང་། གསལ་བསྒྲགས་ནང་། ཨོསི་ཊརེ་ལི་ཡའི་མི་མང་གིས་རང་ཉིད་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིར་འབྲེལ་བ་ཞུས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་དབང་གིས་ངལ་རྩོལ་བཀོལ་ནས་བཟོས་པའི་དངོས་ཟོག་ཨོསི་ཊརེ་ལི་ཡའི་ནང་ནང་འདྲེན་བྱེད་རྒྱུ་མེད་པའི་ཁག་ཐེག་བྱེད་དགོས་པའི་འབོད་སྐུ་གནང་དང་མཉམ། ཨོསི་ཊརེ་ལི་ཡའི་སྲིད་གཞུང་གི་ངོས་ནས་རྒྱལ་ཁབ་ཀྱི་སྒོ་ཁྲལ་བཅའ་ཁྲིམས་ཡར་རྒྱས་བཏང་ནས། བཙན་དབང་གིས་ངལ་རྩོལ་བཀོལ་ནས་བཟོས་པའི་དངོས་ཟོག་ནང་འདྲེན་མི་བྱེད་རྒྱུར་འགན་སྲུང་གནང་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་༼ལག་རྩལ་སྦྱོང་བརྡར་ལྟེ་གནས་ཁང་༽ཟེར་བའི་ནང་བཙན་དབང་གིས་ངལ་རྩོལ་བཀོལ་བཞིན་ཡོད་པ་དང་། ལྟེ་གནས་ཁང་དེ་དག་ནང་དངོས་ཡོད་ཀྱི་ལག་རྩལ་སྦྱོང་བརྡར་སློབ་ཁྲིད་ལ་ཤུགས་གནོན་རྒྱག་གི་མེད་པར། དེ་ལས་ལྡོག་ཏེ་དམག་སྦྱོང་གི་རྣམ་པའི་ཐོག་ནས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་གྱི་ཡོད་པ་གསལ་སྟོན་གནང་འདུག
སྤྱི་ཚེས་༢༢ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཚོགས་བཞིན་པའི་ཐོག་གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ལགས་ཀྱིས། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་དང་འབྲེལ། འདི་ལོའི་སྤྱི་ཟླ་བཞི་པའི་ནང་ཁོ་མོ་ཐེ་བའི་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་མྱོང་ཚོར་གྲོས་ཚོགས་ནང་ངོ་སྤྲོད་གནང་འདུག སྐབས་དེ་ཁོང་གིས་བོད་མི་རྣམས་ཀྱིས་ཨོསི་ཊརེ་ལི་ཡའི་གཞུང་གི་བོད་དོན་རྒྱབ་སྐྱོར་ལ་བསམ་པ་རྣམ་དག་གིས་བསྔགས་བརྗོད་ཞུ་གི་འདུག་ལ། ང་ཚོ་བཞུགས་སྒར་རྡ་རམ་ས་ལར་ཕྱོགས་བསྐྱོད་ལའང་དགའ་བསུ་ཆེན་པོ་བྱས་སོང་། ང་ཚོས་བཙན་བྱོལ་བོད་མིའི་གནས་སྟངས་རྒྱུས་ལོན་ཞུ་རྒྱུ་བྱུང་ཅེས་གསུང་འདུག


ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ལགས་ཀྱིས་ད་རེས་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་བ་འདིས་གྲོས་ཚོགས་འཐུས་མི་དེ་བས་མང་པོས་བོད་དོན་ལ་དོ་སྣང་ཡོང་རྒྱུ་སོགས་ཀྱི་གནད་འགག་ཆེན་པོ་ཡོད་པ་དང་། ཁོང་མོ་ནི་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཡིན་ཞིང་། ནམ་རྒྱུན་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་གསུང་བྱུང་།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org