ཁེ་ཎ་ཌའི་གྲོས་ཚོགས་འོག་མས་སྙན་ཐོ་བཏོན་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐེར་འདོན་གནང་འདུག

2023.06.21
ཁེ་ཎ་ཌའི་གྲོས་ཚོགས་འོག་མས་སྙན་ཐོ་བཏོན་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐེར་འདོན་གནང་འདུག ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་དང་འབྲེལ་བའི་སྙན་ཐོ་བཏོན་པའི་དྲ་ངོས།
སྒྲིག་བཟོ། /RFA

ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭའི་ལམ་ལུགས་ལག་བསྟར་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་སོགས་ཛ་དྲག་གི་གནས་ཚུལ་འཁོད་པའི་སྙན་ཐོ་ཞིག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་ལོ་ལོ་ངོ་༢༨འཁོར་བའི་དུས་ཚིགས་ཏེ་ཕྱི་ཟླ་༦ཚེས་༡༦ཉིན་འདོན་སྤེལ་གནང་འདུག
༢༠༢༣་ལོའི་ལོ་འཁོར་སྙན་ཐོ་དེ་སྤེལ་བ་བརྒྱུད། ཁེ་ཎ་ཌ་གཞུང་གི་ངོས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ངེས་པར་དུ་གནང་དགོས་པའི་དགོས་འདུན་དོན་ཚན་༡༨བཏོན་ཡོད་པའི་ནང་། བོད་མིས་འཛིན་བཞིན་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་གཉིས་དབར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱབ་སྐྱོར་གནང་དགོས་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པ། ཁེ་ཎ་ཌའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སོགས་བརྒྱུད་ནས་བོད་ནང་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་གཞི་ཁག་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ཐེར་འདོན་དགོས་པ། བོད་ནང་གཏན་འཇགས་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོའི་ཐོག་དཔལ་འབྱོར་ཉེས་ཆད་འགེལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་བོད་མི་རྣམས་ཀྱིས་ད་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཡོད། འོན་ཀྱང་འདས་པའི་ལོ་ཤས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། ཁེ་ཎ་ཌ་གཞུང་གི་ངོས་ནས་མང་གཙོའི་གཞུང་འཛིན་གཞན་ཁག་དང་མཉམ་དུ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཐད་ལངས་ཕྱོགས་བརྟན་པོ་འཛིན་དགོས་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ནང་གི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱབ་བཅུག་པ་དང་མཉམ། བོད་ནང་གཏན་འཇགས་སློབ་གྲྭའི་ལམ་ལུགས་ལག་བསྟར་བྱས་ནས་གཞི་རིམ་འོག་མའི་སློབ་ཕྲུག་གཙོས་བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་ཐག་རིང་བའི་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་ནག་གི་སློབ་གསོ་སྤྲོད་བཞིན་ཡོད་ཅིང་། བོད་ཕྲུག་དེ་དག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་ངོ་བོ་བཅས་བར་འབྲེལ་ཐག་བཅད་ནས་རྒྱ་རིགས་ལ་བསྒྱུར་ཐབས་བྱེད་བཞིན་པ་སོགས་ཐེར་འདོན་གནང་འདུག
ད་དུང་སྙན་ཐོ་དེའི་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞི་དང་འབྲེལ་ཡོད་ཚོགས་པ་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་གནང་དགོས་པ་དང་། བོད་ནང་གི་དངོས་ཡོད་བདེན་པའི་གནས་སྟངས་རྒྱུས་ལོན་ཆེད་རྟོག་ཞིབ་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་དགོས་པ། བོད་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་རྒྱབ་སྐྱོར་གནང་དགོས་པ། དེ་བཞིན་༧ཀུན་གཟིགས་པཎ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གཞུང་འབྲེལ་གྱི་བསྒྲགས་གཏམ་སྤེལ་ནས་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གནས་སྟངས་གསལ་པོ་བཟོ་དགོས་བ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་འདུག

Screenshot-2023-06-20-at-11.03.56-AM.jpg

དེའི་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་ ༡༦ བར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཁེ་ཎ་ཌའི་ནང་ཕེབས་ནས། ཡུལ་དེའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་(Yves-Francois Blanchett)་ལགས་ཀྱི་གཙོ་སྐྱོང་འོག་(Bloc Quebecois)་ཞེས་པའི་ཇུས་སྟོན་ཚོགས་ཆུང་ཐོག་གཏམ་བཤད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་སྲིད་བྱུས་ངོ་སྤྲོད་གནང་པ་མ་ཟད། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Arif Virani)ལགས་དང་། ཚོགས་གཞོན་(Garnett Genuis)་ལགས། དེ་བཞིན་ (James Maloney)་ལགས་སོགས་གཙོས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ་ཁག་ཅིག་དང་མཇལ་མོལ་གནང་སྟེ། བོད་ནང་གི་གནས་སྟངས་སྤྱི་དང་། དེ་འབྲེལ་བོད་རྒྱ་འབྲེལ་མོལ་ཐད་རྒྱབ་སྐྱོར་ཁྲིམས་འཆར་དང་འབྲེལ་བའི་ལས་དོན་མཇུག་སྐྱོང་ཡོང་ཐབས་དང་། ཁེ་ཎ་ཌ་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིར་རྒྱབ་སྐྱོར་ཚད་མཐོར་གཏོང་ཐབས་སྐོར་སོགས་གྲོས་མོལ་གནང་ཡོད་འདུག



གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎