ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་འདུག
ཕྱི་ཟླ་ལྔ་པའི་ཚེས་༣༡ཉིན་ཅེག་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཤེས་ཡོན་དང་། ཚན་རིག རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་གིས་དོན་ཚན་དྲུག་ཅན་གྱི་བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆོད་ཞིག་བཞག་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པ། ཉེ་བའི་ཆར་བོད་ནང་གི་ཕྲུ་གུ་ཚོ་བཙན་ཤེད་ཀྱི་ཐོག་ནས་གཞུང་གི་གཏན་འཇགས་སློབ་གྲྭ་ཁག་ནང་བཅུག་སྟེ་བོད་པའི་ཆོས་དང་རིག་གཞུང་། གོམས་སྲོལ་སོགས་རྩ་མེད་བཟོ་བའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་བྱེད་དགོས་པ་སོགས་བཀོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཆུང་དེས་འདི་ལྟ་བུའི་གྲོས་ཆོད་བཞག་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཐོག་ནས་བོད་དོན་སྣང་མེད་མི་འཇོག་པ་དང་། བོད་དོན་ཐད་དོ་སྣང་སླར་གསོ་འབྱུང་ཐབས་སོགས་ཀྱི་ཆེད་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་ན་ཡང་། ཡོ་རོབ་ནང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ལོ་རབས་དགུ་བཅུའི་ནང་གི་ཡུལ་དེའི་སྲིད་འཛིན་ཝཙ་ལཝ་ཧཱ་ཝལ་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཉེ་པོ་ཡོད་མཁན་ཞིག་ཡིན་ལ། ཉེ་བའི་དུས་སུ་ཡང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་བཅས་བར་མཇལ་འཕྲད་ཡང་གནང་ཡོད་པ་དང་། ཅེག་གྲོས་ཚོགས་ཀྱི་སྐུ་ཚབ་དང་གནད་ཡོད་དཔོན་རིགས་མང་པོ་བཞུགས་སྒར་རྡ་རམ་སཱ་ལར་ཆེད་བཅར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་དང་བོད་མིའི་སྒྲིག་འཛུགས་གནད་ཡོད་མི་སྣ་ཚོར་མཇལ་མོལ་དང་འཚམས་གཟིགས་གནང་ཡོད་པ་རེད།
ད་རེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་དགའ་བསུ་ཞུས་པ་དང་སྦྲགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ཞིག་དང་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་པ་རེད་ཅེས་གསུངས་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།