བོད་ནང་མཚན་མོ་གནམ་གྲུ་བབས་པ་ཐོག་མ་དེ་བྱུང་བ།
རྒྱ་ནག་ནས་འགྲུལ་སྐྱེལ་གནམ་གྲུ་ཞིག་བབས་ཏེ་མཐོ་སྒང་བོད་ནང་མཚན་མོ་འགྲུལ་སྐྱེལ་གནམ་གྲུ་བབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་
-
2008-06-28 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་གོང་དཀར་གནམ་ཐང་དུ་རྒྱ་ནག་ནས་འགྲུལ་སྐྱེལ་གནམ་གྲུ་ཨེ་༣༡༩རྟགས་ཅན་ཞིག་རེས་གཟའ་ཕུར་བུའི་དགོང་དྲོ་བབས་ཏེ་མཐོ་སྒང་བོད་ནང་མཚན་མོ་འགྲུལ་སྐྱེལ་གནམ་གྲུ་བབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་
ལྷ་སའི་གོང་དཀར་གནམ་ཐང་དུ་མཚན་མོ་འགྲུལ་བཞུད་གནམ་གྲུ་བབས་ཐུབ་པ་ནི་ ལྷ་སའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་སྔར་ལྟར་ཡོང་བ་དང་ དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དགེ་ཕན་ཆེན་པོ་ཡོང་རྒྱུ་ཡིན་ལུགས་རྒྱ་ནག་སྤྱི་དམངས་མཁའ་ལམ་འགྲུལ་བཞུད་བོད་ཀྱི་ཚན་པའི་འགན་འཛིན་ཞུས་པོ་ཡིས་གསུངས་གནང་འདུག
ལྷ་ས་ནི་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༣༦༥༠ ཡོད་སྟབས་འགྲུལ་བཞུད་གནམ་གྲུ་མཚན་ལ་བབས་མི་ཐུབ་པ་དང་འཕུར་མི་ཐུབ་པའི་དཀའ་ངལ་ཡོད་པ་རེད་ འོན་ཀྱང་ཉེ་ལམ་གནམ་གྲུ་བརྒྱུག་ལམ་རིང་དུ་བཏང་སྟབས་ མཚན་ལ་གནམ་གྲུ་བབས་ཐུབ་ཀྱི་ཡོད་པ་རེད་ རྩ་བའི་བོད་རང་སྐྱོང་ལྗོངས་ཁོངས་སུ་གནམ་གྲུ་འབབ་ཐང་བཞི་ཡོད་ཅིང་ ལྷ་སའི་གོང་དཀར་གནམ་ཐང་རྒྱ་སྐྱེད་བྱས་པར་ཨ་རིའི་ཌོ་ལར་ས་ཡ་ ༡༣ ལྷག་ཙམ་འགྲོ་གྲོན་བཏང་ཡོད་ཅིང་ གནམ་གྲུ་བརྒྱུག་ཐང་མི་ཊར་བཞི་སྟོང་ཙམ་རིང་དུ་བཏང་ཡོད་པ་རེད་ སྔར་ལོ་ཕྱི་ལོ་ ༢༠༠༧ ལོའི་ནང་མཁའ་ལམ་འགྲུལ་པ་ས་ཡ་གཅིག་དང་གྲངས་ཆུང་བཅུ་མེད་ལྔ་བྱུང་ཡོད་པ་དང་ འབྱུང་འགྱུར་ཕྱི་ལོ་ ༢༠༡༠ ཤར་སྐབས་ལོ་རེའི་ནང་མཁའ་ལམ་འགྲུལ་པ་ས་ཡ་གཅིག་དང་གྲངས་ཆུང་གཅིག་ཙམ་འགྲུལ་བཞུད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད༎