ཅེཀ་རྒྱལ་ཁབ་ཏུ་བོད་ཀྱི་གློག་བརྙན་དུས་སྟོན།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པོརག་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་ཚོགས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

༄༅༎ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པོརག་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་ཚོགས་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

ཕྱི་ཟླ་བཞི་པའི་ཚེས་༡༣ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྭོ་རག་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་ཚོགས་ཡོད་པ་དང་ དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་ལས་བྱེད་སྐུ་ཞབས་མྭར་ཁསེ་ཡིས་གསུང་ན་ བོད་རྒྱལ་ཁབ་དང་ བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་འཛམ་གླིང་གི་ཡུལ་གྲུ་གཞན་དང་དུས་ཡུན་རིང་པོར་འབྲེལ་དུ་ལུས་ཡོད་པའི་རྒྱུ་མཚན་གྱིས་ད་ཆ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་གནས་ཐུབ་པ་དང་ ང་ཚོའི་མཐོང་ཆོས་སུ་གྱུར་ཡོད་ འོན་ཀྱང་དེང་སྐབས་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཏེ་བོད་མི་རྣམས་དཀའ་ངལ་མང་དག་ཅིག་གི་འོག་གནས་ཡོད་པ་མ་ཟད་ རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་ཡོད་ཅིང་ དེར་བརྟེན་ང་ཚོས་བོད་ཀྱི་རྩ་ཆེན་རིག་གཞུང་དེ་དག་སྲུང་སྐྱོབ་དང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཁ་གཏད་གཅོད་ཆེད་བོད་ཀྱི་གློག་བརྙན་དུས་སྟོན་ལ་སོགས་པའི་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན་ཞེས་གསུང་ཡོད་འདུག ད་རེས་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་ཚོགས་དགོས་དོན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོས་དང་བཟོ་བཞིན་པ་དེ་ལ་ཁ་གཏད་བཅོག་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་ དུས་སྟོན་དེའི་ཁོངས་སུ་བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་དང་མཁན་ཟུང་རིན་པོ་ཆེ་ཞེས་པའི་བླ་ཆེན་ཞིག་གི་མཛད་རྣམ་ངོ་སྤྲོད་ དེ་བཞིན་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་སྐོར་སོགས་ཁྱོན་བོད་དོན་དང་འབྲེལ་བའི་གློག་བརྙན་མི་འདྲ་བ་ཁག་༢༠ཙམ་སྟོན་བཞིན་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org