ཐེ་ཝན་དུ་བོད་དོན་གླེང་།

ཐེ་ཝན་ནང་རྒྱ་ནག་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་ཤུགས་ཆེ་བྱུང་འདུག

ཐེ་ཝན་ནང་སྐབས་བརྒྱད་པའི་འགོ་ཁྲིད་ཀྱི་ཚོགས་འདུ་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཕྱི་ཟླ་༤ ཚེས་༢༧ནས་༢༩བར་ཉིན་གསུམ་རིང་ཐེ་ཝན་ནང་སྐབས་བརྒྱད་པའི་འགོ་ཁྲིད་ཀྱི་ཚོགས་འདུ་དང་། རྒྱ་ནག་མང་གཙོ་ཅན་ཏུ་གྱུར་རྒྱུ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་རེད།  ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ད་རེས་ཀྱི་ཚོགས་འདུ་འདིར་ཆེད་དུ་བསྩལ་བའི་བཀའ་སློབ་བརྙན་འཕྲིན་ཐོག་བསྟན་ཡོད་པ་རེད། ཕྱི་ཚེས་༢༨ཉིན་བོད་མིར་འཕྲད་པའི་འཇིག་ཉེན་དང་དེ་འགོག་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག་ལ།  སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ནི། བོད་མིར་གྲུབ་ཐུབ་པའི་འདེམས་ཁ་ཞིག་ཡིན་ནམ་ཞེས་པ་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་སྐོར་གཏམ་བཤད་གནང་བཞག  བགྲོ་གླེང་ཚོགས་འདུ་དེའི་ཐོག་རྒྱ་ནག་སྐམ་ས་ནས་ཡིན་པའི་ཚོགས་བཅར་བ་གཞོན་སྐྱེས་ཤིག་གིས་གྲོས་གཞི་བཏོན་པ་བཞིན།  ཚོགས་བཅར་བ་ཡོངས་ནས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་བརྒྱ་སྐོར་ལྷག་ལ་མྱ་ངན་གུས་བཏུད་ཞུས་འདུག ཐེངས་འདིའི་ཚོགས་འདུར་ བོད་མི་དང་། ཤར་ཏུར་ཀི་སི་ཐན། སོག་པོ། ཐེ་ཝན། Macao དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་བཅས་ནས་ཚོགས་བཅར་བ་མི་གྲངས་ ༨༠ ཙམ་མཉམ་བཞུགས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org