ཐའེ་ལྦན་གྱི་ལྷན་ཚོགས་ཤིག་ཏུ་བོད་དོན་གླེང་སློང་གནང་བ།

ཐའེ་ལྦན་ནང་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གཏོང་ཐབས་སུ་དམིགས་ནས་ལྷན་ཚོགས་སུ་བོད་གཞུང་སྐུ་ཚབ་དོན་གཅོད་གདན་ཞུ།

༄༅༎ཐའེ་ལྦན་ནང་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གཏོང་ཐབས་སུ་དམིགས་ནས་ལྷན་ཚོགས་བསྐོངས་ཚོགས་གནང་བའི་ནང་བོད་གཞུང་སྐུ་ཚབ་དོན་གཅོད་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་གནས་བསྐྱར་ཞིབ་ཅེས་པའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གཉིས་རིང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་། རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གཏོང་ཐབས་སུ་དམིགས་ནས་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཐའེ་ལྦན་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱང་མཉམ་ཞུགས་གནང་ཡོད་འདུག དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་བོད་ཀྱི་དཀའ་རྙོག་དེ་བཞིན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་གི་ཡོད་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་འདུག དེ་བཞིན་ཚོགས་འདུ་འདིའི་ནང་། ཐའེ་ལྦན་སྲིད་འཛིན་ཟུར་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཧོང་ཀུན་ཧུས་དང་། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལེང་གའོ་ཤེང་གཙོས་རྒྱལ་ཁབ་ཨ་རི་དང་ཨོ་སེ་ཀྲེ་ལི་ཡ་ ཧོང་ཀོང་། ཐའེ་ལྦན་རྒྱལ་ནང་བཅས་ནས་མཁས་དབང་དང་འབྲེལ་ཡོད་མི་སྣ་བརྒྱ་ཙམ་ནས་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུ་འདི་བཞིན་ཐའེ་ལྦན་མང་གཙོ་ཚོགས་པ་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ལྷན་ཚོགས་འདིའི་སྐབས་གྲོས་འཆར་ཁག་ཅིག་ཡོད་པའི་ཁོངས་ནས་གཙོ་བོ་རྒྱ་ནག་ནང་མང་གཙོ་ཡོང་ཐབས་སུ་འཐབ་བྱུས་འཛིན་སྟངས་དང་། ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org