ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་ཆེན་མོས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྷོ་ཀོ་རི་ཡའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་འདུག
- 2023-05-09
-
-
-
དེ་ཡང་ཕྱི་ཟླ་༤བའི་ཚེས་༢༨ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྷོ་ཀོ་རི་ཡའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཆཱང་ཇ་ཡེ་སྦོཀ་(Chang Jae-Bok)་ལགས་དང་ཁོང་གི་ནང་མི་ལྷན་རྒྱས་གནས་མཆོག་ཝཱ་ར་ན་སིར་སྒེར་སོང་ནས་གནས་གཟིགས་སུ་ཕེབས་པ་དང་བསྟུན། ཁོང་དང་ནང་མི་ལྷན་རྒྱས་ཀྱིས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་གཙུག་ལག་སློབ་གཉེར་ཁང་དང་ལྷོ་ཀོ་རི་ཡའི་ནང་གི་མཐོ་རིམ་སློབ་གྲྭ་ཁག་གི་བར་འབྲེལ་ལམ་ཡོད་མེད་སྐོར་བཀའ་འདྲི་ཞུས་ཡོད་པ་མ་ཟད། ཁོང་གིས་མ་འོངས་པར་གཙུག་ལག་སློབ་གཉེར་ཁང་དང་ལྷོ་ཀོ་རི་ཡའི་ནང་གི་མཐོ་རིམ་སློབ་གྲྭ་ཁག་གི་བར་འབྲེལ་ལམ་སྔར་ལྷག་དམ་ཟབ་ཡོང་རྒྱུར་ཁོང་གིས་རོགས་སྐྱོར་གང་ཐུབ་གནང་གི་ཡིན་ཞེས་གསུངས་ནས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཀྱི་ཕྱིའི་བཟོ་བཀོད་དང་། མང་གི་དཔེ་ཆ་དང་དཔེ་དེབ་སོགས་ལ་ཐུགས་སྣང་ཆེན་པོས་གཟིགས་ཡོད་པ་དང་། ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མོས་ཆེན་པོ་གནང་མཁན་ཞིག་ཡིན་པ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ལས་ཚབ་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།