ཨ་རིའི་བོད་མི་ཚོས་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་སོང་།
ཨ་མི་རི་ཀའི་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་བོད་མི་ཚོས་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལས་བྱེད་རྣམ་པར་དངོས་སུ་མཇལ་ནས་བོད་དོན་ཞུ་གཏུག་གནང་སོང་།
- 2022-09-23
-
-
-
Your browser doesn’t support HTML5 audio
དེ་ཡང་འདི་ཚེས་༢༢དང་༢༣ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་ས་གནས་ཁག་༢༣ཙམ་ནས་བོད་མི་བརྒྱ་ཙམ་ཨ་རིའི་རྒྱལ་སར་འཛོམས་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་ཀྱི་སོ་སོའི་མངའ་སྡེའི་འཐུས་མི་དང་ཁོང་ཚོའི་ལས་བྱེད་རྣམ་པར་དངོས་སུ་ཐུག་ནས་༢༠༢༢ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་ལོ་བོད་དོན་ཞུ་གཏུག་སྐབས་གཙོ་བོ་ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་ལོ་རྒྱུས་གནས་བབས་དང་འབྲེལ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ཐོག་བོད་དོན་ཞུ་སྐུལ་གནང་ཡོད་པ། དེ་བརྒྱུད་ནས་གྲོས་ཚོགས་འོག་མིའི་ནང་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་དང་། དེ་བཞིན་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་ངོ་སྤྲོད་ཡོང་ཐབས་དང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་ཐབས་ཀྱི་གོ་རྟོགས་སྤེལ་གནང་ཡོད་པ་གསུངས་བྱུང་།
ཞུ་གཏུག་ལས་འགུལ་ཁྲོད་རང་ལོ༡༧ཡིན་པ་ཡོའུ་ཁྲ་མངའ་སྡེ་ནས་ཕེབས་པའི་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། ཁོ་རང་གྲོས་ཚོགས་ནང་ཆེད་བཅར་གྱིས་མངའ་སྡེ་གྲོས་ཚོགས་འཐུས་མིའི་ལས་བྱེད་དང་མཇལ་ནས་བོད་ནང་གི་དཀའ་ངལ་གནས་སྟངས་ཁག་ཅིག་ངོ་སྤྲོད་གནང་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་པ་གསུང་གི་འདུག
བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་འདི་བཞིན་བོད་མི་ཨ་མི་རི་ཀའི་མི་སེར་ཡིན་པ་ཚོས། མང་གཙོའི་ལམ་ལུགས་ཁྲོད་སོ་སོའི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱད་ནས་སོ་སོ་གནས་ཡུལ་ཨ་རིའི་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུག་གནང་རྒྱུ་ཕྱི་ལོ་༢༠༠༨ནས་དབུ་འཛུགས་གནང་པ་ཞིག་ཡིན་པ་དང་། ད་རེས་ཞུ་གཏུག་ཐེངས་༡༥པའི་ཐོག་ཨ་མི་རི་ཀའི་ས་གནས་ཁག་ཉེར་གསུམ་ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཙམ་རྒྱལ་སར་འཛོམས་ནས་ཞུ་གཏུག་གནང་ཡོད་པ་རེད།
ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་འདས་པའི་ལོ་གཉིས་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་དྲ་ལམ་བརྒྱུད་ནས་སྤེལ་དགོས་བྱུང་ཡོད་པ་དང་། དེའི་རྗེས་ད་རེས་ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་ཞུ་གཏུག་གནང་ཐུབ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།