བོད་ནང་མི་འབོར་བརྒྱ་ཆ་ཕྱེད་ཀ་རྒྱ་ནག་ཧན་མི་རིགས་ཡིན་པ་དེས་བོད་ནང་མི་རིགས་བཙན་བསྒྱུར་བྱེད་བཞིན་པ་མངོན་གསལ་ཐུབ་ཅེས་འགྲེལ་བརྗོད་གནང་གི་འདུག

2024.12.04
བོད་ནང་མི་འབོར་བརྒྱ་ཆ་ཕྱེད་ཀ་རྒྱ་ནག་ཧན་མི་རིགས་ཡིན་པ་དེས་བོད་ནང་མི་རིགས་བཙན་བསྒྱུར་བྱེད་བཞིན་པ་མངོན་གསལ་ཐུབ་ཅེས་འགྲེལ་བརྗོད་གནང་གི་འདུག
Reuters

ཉེ་ལམ་ཕྱི་ཟླ་ ༡༡ ནང་། རྒྱ་གར་གྱི་ཉམས་ཞིབ་ལྟེ་གནས་ཁང་(India Foundation)གིས་བོད་ནང་གི་མི་འབོར་གྲུབ་ཆའི་གནས་བབ་འཁོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་བཞིན། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡོངས་སུ། ཁྱོན་མི་འབོར་ཁྱོན་ས་ཡ་ ༡༣་༢ ལྷག་ཡོད་པའི་ཁྲོད། བོད་པ་བརྒྱ་ཆ་ ༥༠ ཙམ་ལས་མེད་པར། བརྒྱ་ཆ་ ༤༩་༦༩ རྒྱ་ནག་ཧན་མི་རིགས་ས་ཡ་ ༦་༥ ཡིས་གྲུབ་ཡོད་པ་དང་། གནད་དོན་དེས་རྒྱ་ནག་གིས་རིམ་བཞིན་བོད་ནང་མི་རིགས་བཙན་སྒྱུར་གྱིས་བོད་མིའི་མི་འབོར་གྱི་གྲུབ་ཆར་འགྱུར་བ་གཏོང་གཞིར་གྱུར་ཡོད་པ་བཀོད་འདུག་ལ། སྙན་ཐོ་དེ་དང་འབྲེལ་ཡོད་ཉམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ནས། བོད་ནང་མི་འབོར་དང་འབྲེལ་བའི་བློ་ཚབས་སྐྱེས་དགོས་པའི་གནད་དོན་ཁ་ཤས་ཞིག་གསལ་པོ་ཆགས་ཀྱི་ཡོད་པའི་གཙོ་བོ་ནི། བོད་ཆོལ་ཁ་གསུམ་གྱི་ནང་བོད་མི་ལས་རྒྱ་མི་མང་བ་ཆགས་ཉེན་ཡོད་པ། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་བོད་ནང་གི་མི་འབོར་གྲུབ་ཆ་དང་འབྲེལ་བའི་སྙན་ཐོ་དེའི་ནང་། བོད་མི་འདུས་སྡོད་ས་ཁུལ་མཚོ་སྔོན་ཞིང་ཆེན་དང་ཡུ་ནན་ཞིང་ཆེན་སོགས་ནང་བོད་མི་ (ས་ཡ་༡་༥) ལས་རྒྱ་མི་རིགས་ (ས་ཡ་ ༤་༧) ལྡབ་གསུམ་ཙམ་གྱི་མང་བ་ཡོད་པ་དང་། ཡུ་ནན་ཞིང་ཆེན་དུ་བོད་མི་ (འབུམ་ ༡་༣) ལས་རྒྱ་མི་རིགས་ (འབུམ་ ༢་༥) ལྡབས་གཅིག་དང་ཕྱེད་ཀ་ཙམ་ལས་མང་བ་ཡོད་པ་གསལ་འདུག་ལ། ལྷག་པར་དུ་ཟི་ལིང་། འཚོ་ཤར། འཚོ་ནུབ། རྨི་ལི། དཔའ་རིས་སོགས་ཀྱི་ནང་བོད་མི་ཚོ་ཤིན་ཏུ་ནས་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་སྐོར་འཁོད་ཡོད་པ་མ་ཟད། ཉམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ནས་བོད་ནང་རྒྱ་རིགས་མང་དུ་གཏོང་རྒྱུ་དེ། རྒྱ་ནག་སྲིད་གཞུང་གིས་ཕུག་རྒྱང་རིང་པོའི་དམག་དང་གཏེར་ཁ་ལོངས་སྤྱོད་སོགས་ཀྱི་ཐབས་བྱུས་དང་འབྲེལ་བ་ཆགས་བསྡད་ཡོད་ན་ཡང་། དེང་སྐབས་བོད་ནང་གི་དམག་དཔུང་གི་རྟེན་གཞིའི་ཉེ་འགྲམ་ཁུལ་ལ་རྒྱ་རིགས་མི་འབོར་མང་བ་མཐོང་རྒྱུ་ཡོད་པ་དང་། དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་ས་ཁུལ་ཁག་ནང་ཡོད་པའི་ལྷོ་ཁ་དང་ས་ཁུལ་གཞན་ཁག་ནང་། ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་རྒྱ་མིའི་མི་འབོར་ལྡབ་གཅིག་གིས་མང་དུ་འགྲོ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་ངོས་ནས་བོད་པ་རྣམས་གྲངས་ཉུང་མི་རིགས་སུ་སྒྱུར་བཞིན་པའི་གནས་སྟངས་མིན་པར། སྤྱིར་བོད་མི་རྣམས་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྤོ་བཏང་བའི་དབང་གིས་རང་བཞིན་གྱི་འགྱུར་བ་ཞིག་ཡིན་སྐོར་བཤད་ཀྱི་ཡོད་ཀྱང་། སྙན་ཐོའི་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་དེ་ཐབས་བྱུས་ཀྱི་རྒྱབ་རྟེན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ། གྲོང་ཁྱེར་དང་རྒྱལ་ས་ཆེ་ཁག་ཙམ་མིན་པར་ས་ཁུལ་སྤྱི་ཡོངས་ནང་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཀོད་འདུག་པ་མ་ཟད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་སྒྱུར་འཆར་ཡོད་པས། མི་འབོར་བཙན་སྒྱུར་མགྱོགས་མྱུར་དུ་འགྲོ་ཉེན་ཡོད་པ་དང་། དཔེར་ན། བོད་རང་སྐྱོང་ལྗོངས་ནང་ད་ལྟའི་ཆར་བོད་པ་གྲངས་ཉུང་མི་རིགས་མིན་ཀྱང་། ལྗོངས་འདིར་ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་གྱི་ལོ་བཅུའི་རིང་ཧན་རྒྱ་རིགས་ལྡབ་གཅིག་གྱི་མི་གྲངས་འབུམ་ ༢་༤ ནས་འབུམ་ ༤་༤ རུ་འཕར་ཡོད་པ་སོགས་གསལ་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་བདུན་པ་དེ་བྱས་ཡོད་པ་རེད་ལ། སྐབས་དེར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་སྡོད་མི་གྲངས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་ཐམ་པ་(༣༦༤༨༡༠༠)་ཡོད་པ་གསལ་བསྒྲགས་བྱས་པ་རེད་ལ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་བདུན་པ་དེ་བྱས་ཡོད་པ་རེད་ལ། སྐབས་དེར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་སྡོད་མི་གྲངས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་ཐམ་པ་(༣༦༤༨༡༠༠)་ཡོད་པ་གསལ་བསྒྲགས་བྱས་པ་དང་། ཡིན་ཡང་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་དྲུག་པའི་དུས་སུ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གཏན་སྡོད་མི་གྲངས་ས་ཡ་གསུམ་དང་སྟོང་གཉིས་བརྒྱ་དང་དྲུག་ཅུ་རེ་དྲུག་(༣༠༠༢༡༦༦)ཡིན་སྟབས། གོང་བརྗོད་གྲངས་ཀ་དེ་གཞིར་བཟུང་ན། འདས་པའི་ལོ་བཅུའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉུང་མཐར་མི་གྲངས་འབུམ་དྲུག་ལྷག་མང་དུ་ཕྱིན་ཡོད་པ་དང་། མི་གྲངས་འཕར་བ་དེ་དག་བོད་མི་ཡིན་ནམ་ཡང་ན་རྒྱ་རིགས་སོགས་མི་རིགས་གང་ཡིན་གང་ཡང་གསལ་ཁ་མེད་པ་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎