དམིགས་བསལ་སྐུ་ཚབ་སུད་ཌེན་གྱི་གྲོས་ཚོགས་ནང་ཕེབས་ཡོད་པ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཌ་ཀྱིས་སུད་ཌེན་དུ་གསར་འགོད་ལྷན་ཚོཌ་ཤིག་གི་སར་འགྲེལ་བརྗོད་གནང་དོན།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་དལྟའི་ཆར་བོད་ནང་ཕྱི་མི་སུ་ཞིག་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཐོག་དམག་མི་ཁྱོན་ཆེ་ཞིག་བོད་ནང་དཀྲམ་སྟེ་བོད་དེ་བཞིན་བཙོན་ཁང་ཆེན་པོ་ཞིག་ལྟ་བུར་གྱུར་ཡོད་ལུགས་ཁ་ས་སུད་ཌེན་དུ་གསར་འགོད་ལྷན་ཚོགས་ཤིག་གི་སར་འགྲེལ་བརྗོད་གནང་བཞག

དེ་བཞིན་ཡུ་རོབ་ནང་གི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲིས་ལགས་རྣམ་གཉིས་ཁ་ས་སུད་ཌེན་ཡུལ་གྱི་གྲོས་ཚོགས་ནང་ཕེབས་ཡོད་པ་དང་ཁོང་གཉིས་ལ་སུད་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སེལྦེན་སྦག་སི་ཀྲིརོམ་ལགས་ཀྱིས་གཙོས་པའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་དགའ་བསུ་ཞུས་བཞག

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱལ་སྤྱིའི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་ཚོགས་མི་དེ་བཞིན་རྒྱལ་སྤྱིའི་མི་མང་དང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང་བོད་ནང་གི་བོད་མིའི་དཀའ་སྡུག་ལ་རྟོགས་ཞིབ་དང་འདྲི་ཞིབ་བྱ་མཁན་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཚོགས་ཆུང་བོད་ནང་འགྲོ་བསྐྱོད་ཆོག་པ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཞུས་བཞག དེ་བཞིན་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་གི་ངོས་ནས་རྒྱ་བོད་ཞི་འགྲིག་ཡོང་ཐབས་སུ་གུ་བཤང་དང་འབད་བརྩོན་གང་ཐུབ་གནང་ཡོད་པ་དང་ད་ཆ་ནི་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ལན་འདེབས་གནང་དང་མ་གནང་ལ་རག་ལུད་ཡོད་སྐོར་གསུངས་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲིས་ལགས་རྣམ་གཉིས་ཀྱིས་སུད་ཌེན་གཞུང་གི་དཔོན་རིགས་མང་པོ་ཞིག་དང་ལྷན་དུའང་མཇལ་འཕྲད་ཞུས་ཡོད་པ་དང་རྣམ་པ་གཉིས་ཀྱིས་སུད་ཌེན་གྱི་དབུ་ཁྲིད་རྣམ་པར་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ཞིབ་གསལ་སྙན་སེང་ཡང་ཞུས་བཞག སུད་ཌེན་ནང་དུ་གནས་སྡོད་གནང་མཁན་བོད་མི་ཚོས་གདན་ཞུ་ཕུལ་བ་བཞིན་སྐལ་བཟང་རྒྱལ་མཚན་ལགས་དང་ཚེ་རིང་བཀྲིས་ལགས་རྣམ་གཉིས་ད་ལན་སུད་ཌེན་ཡུལ་དུ་གཟིགས་སྐོར་ཕེབས་པ་ཞིག་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org