མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་སྒོ་མོ་འདྲ་མཉམ་ཕྱེ་ཡོད།
རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ངོས་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་སྒོ་མོ་འདྲ་མཉམ་དུ་ཕྱེ་ཡོད་པ་གསུངས་འདུག
-
2017-02-08 -
-
-
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Joaquín Alexander MAZA MARTELLI་ཧོཝ་ཀིན་ཨ་ལེཀ་ཛེན་ཌར་མ་ཛ་ མར་ཏེ་ལིས་ལས་ཁང་འདིས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་སྒོ་མོ་འདྲ་མཉམ་དུ་ཕྱེ་ཡོད་པ་གསུངས་འདུག
ཉེ་ཆར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཇི་ནེ་ཝར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བཀོད་སྒྲིག་འོག་མི་སྣ་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་གིས། ཇི་ནེ་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་གི་འཐུས་མི་དང་མཇལ་འཕྲད་ཀྱིས། བོད་ནང་གི་ད་ལྟའི་གནས་བབས་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ཐོག་བཟུང་བའི་སྡུག་རྩུབ་ཀྱི་སྲིད་ཇུས། དེ་བཞིན་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། མི་སྣ་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་དེའི་ཁོངས་སུ་རྒྱ་མིའི་བཙོན་ཁང་དང་འདས་གྲོངས་སུ་ཕེབས་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་ཡོད་པ་དང་། ཁོང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་དུ་གློ་བུར་སྐུ་གྲོངས་པའི་སྐོར་སོགས་དང་འབྲེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་དང་། བོད་མིའི་ཆོས་ལུགས་དད་མོས་རང་དབང་ལ་བཀག་སྡོམ་གྱི་གནས་སྟངས་སོགས་འགྲེལ་བརྗོད་གནང་ཡོད་འདུག དེ་བཞིན་གོང་བརྗོད་སྐུ་ཚབ་ཚོགས་པ་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོཝ་ཀིན་ ཨ་ལེཀ་ཛེན་ཌར་ མ་ཛ་ མར་ཏེ་ལི་ཡང་མཇལ་འཕྲད་ཞུས་ཤིང་། སྐབས་དེར་ཁོང་གིས་ལས་ཁང་དེས་ཡུལ་གྲུ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ཚང་མར་འདྲ་མཉམ་གྱི་སྒོ་མོ་ཕྱེ་ཡོད་པ་གསུངས་འདུག།
གསར་འགོད་པ་ལྕགས་མོ་འཚོ་དང་། གུ་རུ་ཆོས་སྐྱིད།