ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ།
བྱང་ཨ་མི་རི་ཀའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ།
-
2011-03-01 -
-
-
༄༅༎བྱང་ཨ་མི་རི་ཀའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་གསུམ་པ་དེ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ཁ་སང་ཕྱི་ཟླ་༢ཚེས་༢༨ནས་འགོ་བཙུགས་སྟེ་བྱང་ཨ་མི་རི་ཀའི་ནང་གནས་སྡོད་བོད་མིའི་སྐུ་ཚབ་ཚོགས་པ་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་མངའ་སྡེ་ནས་དབུས་ཀྱི་གྲོས་ཚོགས་སུ་འོས་འདེམས་ཞུས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཁུངས་སུ་བཅར་སྟེ་ བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་དང་ བོད་མི་ཚོར་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་འབྱུང་ཐབས་ དེ་བཞིན་བོད་མིའི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་དམིགས་པའི་དཔལ་འབྱོར་རོགས་རམ་མུ་འཐུད་འབྱུང་ཐབས་ བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་འཛུགས་ཐབས་སོགས་ཀྱི་གནད་དོན་ཐད་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་གི་ལས་འགུལ་ནུས་པ་ལྡན་པ་དང་འཆར་གཞི་ལྡན་པ་ཞིག་གི་ཐོག་ནས་སྤེལ་ཡོད་པ་རེད།
ཞུ་གཏུག་གི་ལས་འགུལ་གོ་སྒྲིག་གནང་མཁན་དང་ ལམ་སྟོན་གནང་མཁན་གཙོ་བོ་ནི་འདི་ག་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་བོད་དོན་རྒྱལ་སྤྱིའི་ལས་འགུལ་ཁང་ཡིན་ཞིང་ ལས་འགུལ་ཁང་འདིའི་རྒྱུན་ལས་ཚོགས་ཆུང་གི་གཙོ་འཛིན་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ བོད་མིའི་བདེ་དོན་འཐབ་རྩོད་ཀྱི་ལས་འགུལ་གྱི་སྣེ་འཁྲིད་བོད་མི་རང་ཉིད་ནས་བྱེད་དགོས་པ་དང་ ད་ཐེངས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ཐེངས་གསུམ་པ་འདིའི་སྐབས་ ཨ་མི་རི་ཀའི་མི་སེར་ཡིན་པ་བོད་མི་མང་དག་ཅིག་མཉམ་ཞུགས་ཡོད་པ་དེས་ བོད་མི་རང་ངོས་ནས་བོད་མིའི་བདེ་དོན་འཐབ་རྩོད་ལས་འགུལ་གྱི་འགན་འཁུར་བླངས་བཞིན་ཡོད་པའི་མཚོན་དོན་ཞིག་ཡིན་པ་གསུངས་པ་དང་སྦྲགས་ བོད་མིའི་བདེ་དོན་འཐབ་རྩོད་ཀྱི་ལས་འགུལ་འདི་གཟེངས་སུ་ཐོན་པ་ཞིག་དང་ ནུས་པ་ལྡན་པ་ཞིག་འབྱུང་ཐབས་སུ་འཐབ་རྩོད་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་ནུས་ཤུགས་ལྡན་པ་ཞིག་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གསུངས་སྟེ་ ཨ་མི་རི་ཀའི་ནང་གནས་སྡོད་བོད་མི་ཚོའི་ངོས་ནས་ ཨ་རིའི་མང་ཚོགས་ཀྱི་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནུས་པ་རྒྱ་སྐྱེད་གཏོང་རྒྱུར་འབད་བརྩོད་ལྷོད་མེད་གནང་དགོས་པའི་བསྐུལ་མ་ཤུགས་ཆེ་གནང་ཡོད་པ་རེད།
བོད་དོན་ཞུ་གཏུག་གི་ལས་འགུལ་ཐོགས་མ་དེ་ཕྱི་ལོ་༢༠༠༩ལོར་སྤེལ་ཞིང་༢༠༡༡གི་ཞུ་གཏུག་གི་ལས་འགུལ་འདིའི་ནང་ཨ་མི་རི་ཀའི་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཧ་ཅང་གི་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།
དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༡ཉིན་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་འཐུད་སྤེལ་རྒྱུ་ཡིན་འདུག།