བོད་ནང་བོད་མི་ཚོས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་གནང་འདུག
བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་གནང་འདུག
- 2023-05-01
-
-
-
Your browser doesn’t support HTML5 audio
དེ་ཡང་སྤྱི་ཟླ་༤བའི་ཚེས་༣༠ཉིན་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡི་མཚོན་དོན་བྱས་ནས་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་གནང་འདུག
དཔེར་ན། པད་མ་གསེར་བྲིས་གླིང་གིས་ཁྲིན་ཏུའུ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱེད་སྒོ་སྤེལ་ཡོད་པ་དང་། སྐབས་དེར་མདོ་དབུས་ཁམས་གསུམ་གྱི་ཡིག་བྲིས་མཁན་མང་པོ་པད་མ་གསེར་བྲིས་གླིང་གི་གདན་ཞུས་ལྟར་ཁྲིན་ཏུའུ་རུ་འཛོམས་ནས་བོད་ཡིག་གི་བྲིས་གཟུགས་བཤམས་སྟོན་དང་བྱ་དགའ་གཟེངས་བསྟོད། བྲིས་གསར་འགྲེམ་སྤེལ། བྲིས་གཟུགས་སྐོར་གྱི་བགྲོ་གླེང་སོགས་བྱས་ཚུལ་སོགས་ཁམས་ཀྱི་དྲ་བའི་འཕྲིན་སྟེང་གནས་ཚུལ་སྤེལ་འདུག
མཛད་སྒོའི་ཐོག་ས་ཕྱོགས་སོ་སོ་ནས་ཕེབས་པའི་བོད་ཀྱི་རིག་གནས་ལ་དུང་ཞིང་ཡིག་གཟུགས་ལ་མཁས་པའི་དགེ་བའི་བཤེས་གཉེན་མང་པོས་སྲོལ་རྒྱུན་གྱི་ཡིག་གཟུགས་རིག་གནས་འདི་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བར་ཤུགས་འདོན་དགོས་རྒྱུ་དང་། མ་འོངས་པར་བོད་ཀྱི་བྲིས་གཟུགས་རིག་གནས་འདི་ཉིད་ཐོན་ལས་ཅན་དང་ཁྲོམ་ར་ཅན་དུ་བསྒྱུར་ནས་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ་རིག་གནས་ཀྱི་བཀོལ་རྒྱ་ཇེ་ཆེར་ཡོང་ཐབས་ལ་འབད་འབུངས་བྱ་དགོས་པ་དང་། རང་ཉིད་ཀྱི་རྩ་ཆེ་བའི་རིག་གནས་ཀྱི་ཉིང་བཅུད་དག་ཕྱིར་འདྲེན་ཕྱིར་བསྒྲགས་ཁོ་ན་ཙམ་མ་ཡིན་པར། དུས་དང་མི་དང་འཚམས་པའི་ཕྱིའི་རིག་གནས་དང་ལག་རྩལ། ཤེས་ཡོན་མང་པོ་ནང་འདྲེན་གྱིས་བོད་ཀྱི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་གྲུབ་ཆར་འགྱུར་བར་འབད་བརྩོན་བྱ་དགོས་པ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་ཡོད་འདུག
བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོ་ནི། སྤྱི་ལོ་༢༠༡༧ལོའི་ཟླ་བ་བཞི་བའི་ཚེས་༡༦ཉིན་ བོད་ནང་དུ་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཚོགས་པའི་ཐོག མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་། དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་མཉམ་འཛོམས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོ་སྤྱི་ཟླ་བཞི་བའི་ཚེས་༣༠་ལ་གཏན་འབེབས་བྱས་ཡོད་པ་དང་། དེ་ནི་ཕྱི་ཟླ་བཞི་པས་དབྱངས་བཞི་མཚོན་པ་དང་། ཚེས་༣༠ཡིས་གསལ་བྱེད་སུམ་ཅུ་མཚོན་གྱི་ཡོད་པ་རེད་འདུག
གསར་འགོད་པ། བོད་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།