རྒྱ་ནག་གི་བདེ་སྲུང་མི་སྣས་བོད་མི་ཐང་ཁྲོམ་སྟོན་མཁན་ཚོའི་ཚོང་རྫས་བཙན་འཕྲོག

ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཝུའུ་ཧུག་ཚི་ཞེས་པའི་ས་གནས་སུ་བོད་མི་ཐང་ཁྲོམ་བཤམས་མཁན་ཚོའི་ཅ་དངོས་ཚོང་རྫས་རྣམས་རྒྱ་ནག་གི་བདེ་སྲུང་མི་སྣས་འཕྲོག་འདུག

ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་མི་ཐང་ཁྲོམ་བཤམས་མཁན་ཚོའི་ཚོང་རྫས་རྒྱ་ནག་གི་བདེ་སྲུང་མི་སྣས་འཕྲོག་སྐབས། ༢༠༢༠།༦།༡ བོད་འབྱོར།

ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཝུའུ་ཧུག་ཚི་ཞེས་པའི་ས་གནས་སུ་བོད་མི་ཐང་ཁྲོམ་བཤམས་མཁན་ཚོའི་ཅ་དངོས་ཚོང་རྫས་རྣམས་རྒྱ་ནག་གི་བདེ་སྲུང་མི་སྣས་འཕྲོག་འདུག
སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཝུའུ་ཧུག་ཚི་ཞེས་པའི་ས་གནས་སུ་བོད་མི་ཐང་ཁྲོམ་བཤམས་མཁན་ཚོའི་ལག་གི་ཅ་དངོས་ཚོང་རྫས་རྣམས་རྒྱ་ནག་བདེ་སྲུང་མི་སྣས་གཞུང་བཞེས་བཏང་ནས་ཕན་ཚུན་བར་ཁ་རྩོད་ཤོར་འདུག
ཕྱི་ཟླ་༦་པའི་ཚེས་༡་ཉིན་གྱི་དགོང་དྲོར་ཁྲིན་ཏུའུ་གྲོང་ཁྱེར་ཝུའུ་ཧུག་ཚི་ས་ཁུལ་གྱི་ཚི་མེན་ཆོ་ཧིན་ཇེ(洗面桥横街)་ཞེས་པའི་ས་ཆ་དེར། རྒྱ་ནག་གིས་ཕྱི་ཟླ་དང་པོ་ནས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཁྲོམ་ཚོང་བཤམས་པ་སོགས་བཀག་སྡོམ་བྱས་ནས། ཟླ་བ་དྲུག་ཙམ་གྱི་རྗེས་ཉེ་ཆར་གཞི་ནས་བཀག་རྒྱ་ལྷོད་ཡངས་བཏང་བར་བརྟེན་བོད་མི་གཙོས་པའི་ཐང་ཁྲོམ་བཤམས་མཁན་ཚོས་ཐེངས་དང་པོར་མཚན་མོའི་ཁྲོམ་ར་ནས་གྱོན་གོས་དང་། རྒྱན་ཆ། ཤིངཏོག་སོགས་ཚོང་རྫས་རེ་བཤམས་ནས་སོ་སོའི་ལྟོ་གོས་འཚོལ་ཐབས་བྱེད་སྐབས། རྒྱ་ནག་གི་བདེ་སྲུང་མི་སྣ་དམག་ལྭ་གྱོན་པ་དང་། དམག་ལྭ་གྱོན་པ་མེད་པའི་མི་སྣ་མང་པོ་ཡོང་སྟེ། ཅ་དངོས་རྣམས་གཞུང་བཞེས་བཏང་སྟེ་ཁྱེར་ཡོད་པ་མ་ཟད། ད་ནས་བཟུང་ས་གནས་དེར་ཐང་ཁྲོམ་བཤམས་མི་ཆོག་པ་བརྗོད་ཡོད་འདུག་ལ། བརྙན་པར་ནང་བོད་མི་ཚོས་མཐེ་བོང་བསྟན་ནས་ཞུ་བྱེད་བཞིན་པ་མ་ཟད། བུ་མོ་ཞིག་གིས་ང་ཚོའང་ཀྲུང་གོའི་མི་སེར་ཡིན་པས་ང་ཚོར་ཐོབ་ཐང་གཅིག་མཚུངས་མེད་པ་ཅི་ཡིན་ནམ་ཞེས་བདེ་སྲུང་མི་སྣར་དྲི་བ་འདྲི་གི་འདུག
གནས་ཚུལ་བྱུང་སྐབས་ས་གནས་དེར་ཡོད་པའི་མི་སྣ་ཞིག་གིས་གསུང་ན། ས་གནས་དེར་ཐང་ཁྲོམ་བཤམས་མཁན་བོད་མི་གཙོས་པའི་མི་གྲངས་ཉིས་བརྒྱ་སུམ་བརྒྱ་ཙམ་ཞིག་ཡོད་ལ། ནད་ཡམས་མ་བྱུང་སྔོན་ལ་ནམ་རྒྱུན་དགོང་མོའི་ཆུ་ཚོད་དྲུག་པའི་རྗེས་ནས་ཁྲོམ་བཤམས་ཆོག་གི་ཡོད་པ་དང་། ཟླ་དྲུག་ཙམ་གྱི་རྗེས་ནས་ད་ལྟ་རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་སོགས་སུ་དཔལ་འབྱོར་སླར་གསོ་ཆོག་པའིགནས་ཚུལ་བསྒྲགས་རྗེས། ཁོང་ཚོས་ཀྱང་ཐེངས་དང་པོར་ཐང་ཁྲོམ་བཤམས་པ་ཡིན། ཡིན་ན་ཡང་བདེ་སྲུང་མི་སྣས་ཅ་དངོས་གཞུང་བཞེས་བཏང་བ་མ་ཟད། ནད་ཡམས་ལ་ཁ་གཡར་ནས་ཁྲོམ་སྲང་གཙང་མ་མིན་ཚུལ་བརྗོད་དེ་ད་ནས་ཁྲོམ་བཤམས་མི་ཆོག་པ་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་མི་མང་པོ་འཛོམས་པར་དོག་པ་བྱེད་བཞིན་ཡོད་པ་རེད་ཟེར། དེ་མིན་གལ་སྲིད་སང་ཉིན་སྤྱི་བདེ་ལས་ཁུངས་སུ་ཅ་དངོས་ལེན་དུ་ཡོང་ན་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གོང་བརྗོད་བོད་མི་དེས་གསུང་ན། དེང་སྐབས་ཁྲིན་ཏུའུ་གྲོང་ཁྱེར་ཝུའུ་ཧིག་ཚི་ས་གནས་སུ། བོད་མི་ཚོར་ཁང་པ་མི་གླ་བར་སྡོད་གནས་འཚོལ་རྒྱུ་ཁག་པོ་དང་། གླ་གཏོང་རླངས་འཁོར་ནང་བོད་མི་མི་འཁྱེར་བ་སོགས་དཀའ་ངལ་མང་པོ་འཕྲད་བཞིན་པ་དང་། གོང་བརྗོད་ཐང་ཁྲོམ་བཤམས་མཁན་བོད་མི་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོད་པ་དེ་དག་ཁྲོད་རྒྱ་མི་རེ་ཟུང་མ་གཏོགས་བརྒྱ་ཆའི་དགུ་བཅུ་ཡན་བོད་མི་ཡིན་ཞིང་། ཁོང་ཚོ་ཁ་ཤས་ཁྲིན་ཏུའུ་ནང་ནད་པ་སྨན་ཁང་དུ་སྡོད་མཁན་གྱི་ནང་མི་ཡིན་ཞིང་། འཚོ་བའི་ཆེད་དུ་ཅ་དངོས་ཙག་ཙིག་རེ་བཙོང་བཞིན་བསྡད་ཡོད་པ་དང་། དེ་མིན་མང་ཆེ་བ་ཕྱི་ལོ་༢༠༠༨་ལོར་ལྷ་ས་ནས་སྡོད་དུ་མ་བཅུག་པར་ཕྱིར་མངག་པའི་མདོ་སྟོད་སྨད་ཕྱོགས་ཀྱི་བོད་མི་ཕལ་བ་རྣམས་རེད། ཁོང་ཚོ་ནི་སོ་སོའི་ཉིན་རེའི་ལྟོ་གོས་ཆེད་དུ་དངོས་རྫས་ཆུང་ངུ་ཙམ་བཙོང་ནས་འཚོ་བ་སྐྱེལ་མཁན་ཤ་སྟག་རེད། གལ་སྲིད་ཐང་ཁྲོམ་དེ་དག་བཤམས་མ་བཅུག་ན་ཁོང་ཚོར་འཚོ་བའི་ཡོང་ཁུངས་གང་ཡང་མེད་པས་མཐོང་ན་སེམས་སྐྱོ་བ་ཞིག་རེད་ཅེས་གསུང་བྱུང་།
དེ་མིན་དེང་སྐབས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྗེས་ནས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་མིའི་ཚོང་ཁང་དང་། ཟ་ཁང་མང་པོ་ཞིག་ཡང་བསྐྱར་སྒོ་ཕྱེ་རུ་མ་བཅུག་པར་ལྷག་ཡོད་པ་གོང་བརྗོད་བོད་མི་དེས་འགྲེལ་བརྗོད་གནང་བྱུང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org