བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བའི་དམ་འབུལ།

བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཉིས་ནས་ལས་འཁུར་དམ་འབུལ་བཞེས་ཏེ་ཕྱག་ལས་དབུ་བཙུགས་གནང་བ།

༄༅༎ཉེ་ལམ་གསར་དུ་བསྐོ་འདེམས་བྱུང་བའི་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་ལགས་དང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་གཉིས་ནས་ལས་འཁུར་དམ་འབུལ་བཞེས་ཏེ་ཕྱག་ལས་དབུ་བཙུགས་གནང་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གིས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་གྲེས་ནང་རྣམ་རྒྱལ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པའི་ལས་འཁུར་ནས་ལས་ཡུན་ཐིམ་ནས་བགྲེས་ཡོལ་གྱི་བཀའ་ཁྲོལ་བསྩལ་སྨིན་བྱུང་བའི་ཚབ་ཁྲིམས་ཞིབ་ཆེ་བ་གཅིག་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམ་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོ་ནང་གསལ་ ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དབུ་འཛིན་མཚན་ཐོག་ནས་བསྐོ་བཞག་མཛད་རྒྱུ་ཞེས་འཁོད་པའི་དགོངས་དོན་ལྟར་ཕྱི་ལོ་ཉིས་སྟོང་དགུའི་ཕྱི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་མཆོག་ཁྲིམས་ཞིབ་གཞན་གྱི་ལས་གནས་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དངོས་སུ་བཞེས་པ་དང་དེ་བཞིན་བདེ་སྐྱིད་གླིང་ས་གནས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ནས་དབུས་ཁྲིམས་ཞིབ་པ་གཞན་གྱི་ལས་འཁུར་དངོས་སུ་བཞེས་པའི་དམ་བཅའ་གོང་ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་འབུལ་སྐབས་༸གོང་ས་མཆོག་གིས་ཐུགས་དགྱེས་བརྩེའི་འཚམས་འདྲི་དང་འབྲེལ་ལེགས་དར་ཕྱག་སྲུང་བཀའ་དྲིན་བསྩལ་ཡོད་པ་མ་ཟད་ལམ་སྟོན་བཀའ་སློབ་ཀྱང་བཀའ་དྲིལ་བསྩལ་གནང་ཡོད་པ་རེད། དམ་འབུལ་མཛད་སྒོའི་ཐོག་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ལྷན་བཞུགས་གནང་འདུག དམ་འབུལ་མཛད་སྒོ་གྲུབ་རྗེས་བཀའ་ཤག་ནས་ཁོང་གཉིས་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་ཆེད་གཞུང་འབྲེལ་མཛད་སྒོ་ཞིག་བཀའ་ཤག་ལས་ཁུངས་ཀྱི་ཡང་སྟེང་ཚོགས་ཁང་དུ་ཚོགས་ཡོད་པ་དང་དེ་བཞིན་ཁོང་རྣམ་པ་གཉིས་ཀྱིས་དེ་རིང་ནས་ཕྱག་ལས་དབུ་བཙུགས་གནང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org