ཨོ་སོ་ཀྲོ་ལི་ཡའི་ནང་གི་བོད་དོན་སྐོར་ལྷན་ཚོགས་མཇུག་སྒྲིལ།
ནིའུ་ཛི་ལེནདྲ་དང་ཨོ་སོ་ཀྲོ་ལི་ཡ་གཉིས་ནང་ཡོད་པའི་ས་གནས་བོད་མི་ཚོས་བོད་དོན་སྐོར་ལྷན་ཚོགས་ཐེངས་བཞི་པ་དེ་མཇུག་སྒྲིལ་ཟིན་འདུག།
-
2009-04-16 -
-
-
༄༅༎ནིའུ་ཛི་ལེནདྲ་དང་ཨོ་སོ་ཀྲོ་ལི་ཡ་གཉིས་ནང་ཡོད་པའི་ས་གནས་བོད་མི་ཚོས་བཙན་བྱོལ་ནང་ལོ་ངོ་ལྔ་བཅུ་འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་དོན་ཁོངས་སུ་བོད་དོན་སྐོར་ལྷན་ཚོགས་ཐེངས་བཞི་པ་དེ་མཇུག་སྒྲིལ་ཟིན་པའི་གནས་ཚུལ་ཐོན་འདུག
གོང་གསལ་བོད་དོན་ལྷན་ཚོགས་དེ་བཞིན་འདི་ཟླའི་ཚེས་བཅུ་གཅིག་ནས་བཅུ་གསུམ་བར་ཉིན་གསུམ་རིང་ཨོ་སོ་ཀྲོ་ལི་ཡའི་སི་ཌི་ནི་གྲོང་ཁྱེར་རུ་སྐོང་ཚོགས་གནང་ཡོད་པ་རེད། ད་རེས་ཀྱི་ལྷན་ཚོགས་དེའི་སར་ཨོ་སོ་ཀྲོ་ལི་ཡ་དང་ནིའུ་ཛི་ལེནདྲ་གནས་ཁོད་ས་གནས་བོད་མི་སུམ་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་ཡོད་པ་རེད། ཁ་ས་ལྷན་ཚོགས་ཀྱི་ཉིན་མཐའ་མའི་མཇུག་སྡོམ་གྱི་བགྲོ་གླེང་སྐབས་སྔ་ལོ་བོད་ནང་ཞི་རྒོལ་ཆེན་མོའི་དོན་རྐྱེན་ནང་ཐེ་གཏོགས་ཡོད་ཚུལ་གྱི་གྱོད་གཞིའི་འོག་རྒྱ་ནག་གཞུང་གིས་བོད་མི་བཞི་ལ་ཉེས་པ་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་དེ་དག་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་དང་དེ་བཞིན་ཨོ་སོ་ཀྲོ་ལི་ཡང་དང་ནིའུ་ཛི་ལེནདྲ་གཞུང་ཕྱོགས་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་དོ་དམ་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རང་དབང་དང་དྲན་བདེན་གྱི་ཁྲིམས་བཤེར་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་བརྒྱུད་སྐུལ་ལྕགས་གནང་འདུག ཡང་ད་རེས་ཨོ་སོ་ཀྲོ་ལི་ཡ་དང་ནིའུ་ཛི་ལེནདྲ་བོད་མིའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་སྐབས་ཨོ་སོ་ཀྲོ་ལི་ཡ་གཞུང་དམངས་གཉིས་ལ་བོད་མི་ཚོས་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་འདུག་པ་དང་མཛད་སྒོ་དེའི་ཐོག་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སྦེ་རེདྲ་ཧེ་ཛ་དྲེ་གཙོས་པའི་གྲོང་ཁྱེར་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་གཞན་ཨོ་སོ་ཀྲོ་ལི་ཡ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་དང་རོགས་རམ་ཚོགས་པ་ཁག་མང་པོ་ཞིག་གི་སྐུ་ཚབ་མགྲོན་འབོད་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ཨོ་སོ་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨོ་སོ་ཀྲོ་ལི་ཡའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་ཕན་དང་ལྷག་དོན་དུ་བོད་ཀྱི་གནད་དོན་འོག་ཨོ་སོ་ཀྲོ་ལི་ཡ་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་གླེང་སློང་གི་རྒྱབ་སྐྱོར་བསྟུད་མར་གནང་བར་ཐུགས་རྗེ་ཆེའི་གསུང་བཤད་དང་སྦྲགས་སྐུ་ཚབ་རྣམ་པ་ལྷན་རྒྱས་ལ་མཇལ་དར་སྒྲོན་གནང་པ་དང་དེ་བཞིན་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཅིག་བཅས་ཕྱག་རྟགས་ཀྱི་ཚུལ་དུ་འབུལ་བཞེས་གནང་ཡོད་པ་རེད།