འོས་བསྡུ་དང་འབྲེལ་བའི་བཀའ་ཤག་གི་ཁྲིམས་འཆར་ལ་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་མི་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མ་འོངས་འོས་བསྡུ་ཐེངས་གཅིག་རང་གི་ཐོག་འགྲོ་རྒྱུའི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཀྱི་ཁྲིམས་འཆར་དེ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་གྲོས་ཚོགས་ནང་རྒྱབ་སྐྱོར་གནང་མི་འདུག

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སྐབས། ༢༠༡༨།༩།༢༥ RFA

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མ་འོངས་འོས་བསྡུ་ཐེངས་གཅིག་རང་གི་ཐོག་འགྲོ་རྒྱུའི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཀྱི་ཁྲིམས་འཆར་དེ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་གྲོས་ཚོགས་ནང་རྒྱབ་སྐྱོར་གནང་མི་འདུག
དེ་ཡང་སྤྱི་ལོ་༢༠༡༨་ཟླ་༩་པའི་ཚེས་༢༥་ཉིན། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ ༧ པར་ཉིན་ཤས་གོང་ཐག་མ་ཆོད་པར་ཚོགས་གཙོ་མཆོག་གིས་ལམ་སྟོན་ཕེབས་པ་གཞིར་བཟུང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མ་འོངས་འོས་བསྡུ་ཐེངས་གཅིག་རང་གི་ཐོག་འགྲོ་རྒྱུའི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཀྱི་ཁྲིམས་འཆར་ལ་དེ་འབྲེལ་གྱི་བཅའ་ཁྲིམས་དོན་ཚན་༩༧་ནང་གསེས་གཉིས་པ་ཀ་བ་ལ་བསྐྱར་བཅོས་ཀྱིས་དངོས་གཞིའི་གྲུབ་འབྲས་ཞེས་བའི་ཚབ་ཏུ་འོས་བསྡུའི་གྲུབ་འབྲས་ཞེས་བཟོ་བཅོས་དང་བཅས་བཅའ་ཁྲིམས་བསྐྱར་བཟོས་ཀྱི་ཁྲིམས་འཆར་བཏོན་པ་དང་། དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་མང་པོའི་ནང་འོས་བསྡུ་དུས་ཐུང་ནང་བྱེད་བཞིན་པ་ལྟར་ང་ཚོས་དེ་ལྟར་བྱེད་ཐུབ་ན་རྒྱ་ཕྱོགས་ནས་ཐེ་ཇུས་བྱེད་རྒྱུའི་མཚོན་པའི་གོ་སྐབས་ཉུང་བ་ཡོད་པ་སོགས་ཀྱི་དགེ་མཚན་ངོ་སྤྲོད་བྱས་ཡོད་ཀྱང་དེའི་ཐོག་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་ནས་བགྲོ་གླེང་མང་པོ་བྱས་བ་དང་། ད་ལྟའི་བཀའ་ཤག་གི་ཁྲིམས་འཆར་དེའི་ནང་རང་འགུལ་དངས་བླངས་དང་། དམིགས་བཙུགས་རྒྱབ་སྐྱོར་གྱི་ཆ་རྐྱེན་བཟོས་ཡོད་པ་དེས་རྙོག་གླེང་ཆེ་རུ་འགྲོ་ཉེན་ཡོད་པ་སོགས་ཀྱི་སྐྱོན་གནད་མང་དག་འདུག་ན་དེ་སྔོན་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོའི་ནང་། མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་བ་ལྟར། སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་ཐོག་དུས་ཚོད་ཇེ་ཐུང་ལ་གཏོང་དགོས་པའི་སྙན་ཐོའི་ནང་དོན་གཞིར་བཟུང་འགྲོ་དགོས་ཚུལ་བཤད་མཁན་མང་པོ་བྱུང་བ་དང་། མཐའ་དོན་ལས་རིམ་གྱི་དུས་ཚོད་འཕར་འགྱངས་ཀྱིས་བགྲོ་གླེང་མང་པོ་གནང་རྗེས། མ་འོངས་འོས་བསྡུ་ཐེངས་གཅིག་རང་གི་ཐོག་འགྲོ་རྒྱུའི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཀྱི་བཀའ་ཤག་གི་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་གཅིག་ལས་མ་བྱུང་བར་བརྟེན་བཀའ་ཤག་གི་ཁྲིམས་འཆར་དེ་གྲོས་ཚོགས་ནང་མར་ཟགས་འདུག

གསར་འགོད་པ་ཨྱོན་བསྟན་འཛིན་དང་། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org