སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་ཡུན་མ་ཚང་གོང་གྲོལ་བ།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དུས་ཡུན་མ་ཚང་གོང་གྲོལ་དགོས་པ་བྱུང་འདུག

༄༅༎སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད་སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དུས་ཡུན་མ་ཚང་གོང་གྲོལ་དགོས་པ་བྱུང་ཡོད་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་སྟངས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བ་ཡིན་ཚེ་ལས་དོན་གང་ཡང་ཐག་གཅོད་བྱ་ཐབས་མེད་སྐོར་གཏན་འབེབས་གནང་ཡོད་པ་ལྟར་འདི་ཚེས་བཅོ་བརྒྱད་ཉིན་ཉེ་ལམ་ཆབ་སྲིད་བཙོན་ཟུར་གྱི་མཚན་ཐོག་ནས་ཨོ་སི་ཀྲོ་ལི་ཡའི་གཏན་སྡོད་དུ་ཕེབས་པ་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཕེབས་ཡོད་པའི་ལམ་གྲོན་དེ་བོད་མི་མང་སྤྱི་ཐུས་རྒྱུན་ལས་ནས་ཕུལ་ཡོད་པར་དེ་ནི་སྔར་བྱུང་མྱོང་མེད་པའི་ལམ་སྲོལ་གསར་པ་ཞིག་ཡིན་པའི་ངོས་འཛིན་ཐོག་སྤྱི་འཐུས་སྒྲོལ་མ་མཚོ་ལགས་ཀྱིས་ཕྱི་རྒྱལ་ཡུལ་ཁག་ཏུ་དམིགས་བསལ་འོས་འདེམས་བྱས་པའི་སྤྱི་འཐུས་ཁག་ཕུད་དེ་མིན་རྣམས་ནས་སྔར་སྲོལ་ལྟར་འགྲོ་སོང་དོ་བདག་སོ་སོས་རྒྱག་རང་འཁུར་དགོས་པའི་གྲོས་ཆོད་གྲོས་འཆར་བཏོན་པའི་ཐོག་སྤྱི་འཐུས་རྣམ་པའི་དབར་དགོངས་ཚུལ་མ་མཐུན་པ་བྱུང་སྟེ་གྲོས་ཚོགས་འཐུས་མི་བཅུ་གཉིས་ནས་ངོ་རྒོལ་གྱིས་གཅིག་མཇུག་གཉིས་མཐུད་ཀྱིས་གྲོས་ཚོགས་ནས་ཕྱིར་ཐོན་གནང་བར་བརྟེན་སྤྱི་འཐུས་རྩ་འབོར་གྱི་བརྒྱ་ཆ་མ་ལོངས་བར་མཐར་གྲོས་ཚོགས་གྲོལ་དགོས་པ་བྱུང་ཡོད་འདུག

བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་སྤྱི་འཐུས་སྒྲོལ་མ་མཚོ་ལགས་ཀྱིས་བཏོན་པའི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཅའ་སྒྲིག་དང་ལམ་ལུགས་དགོངས་དོན། ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས། ཁུངས་སོ་སོར་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ་སྔར་ལམ་ལྟར་དོ་བདག་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས་གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་གལ་མཐོང་ཞེས་དང་གྲོས་ཆོད་དངོས་གཞིའི་ནང་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་བའི་སྤྱི་འཐུས་ཤིག་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་པ་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས་གཞུང་གྲོན་གཏོང་མི་ཆོག་པའ་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org